[A:༡༦༨]དད་བརྩོན་བསིལ་བུའི་ཤུགས་ཀྱིས་རབ་དྲངས་པའི། །ལེགས་བྱས་རྒྱུ་སྐར་བདག་པོ་བསིལ་ཟེར་གྱིས། །འགྲོ་ཀུན་ཕན་བདེའི་པདྨོ་བཞད་གྱུར་ཅིག །གཟའ་ཚེས་དགེ་བར་རྒྱལ་བ་མ་ཕམ་པའི་རྣམ་སྤྲུལ་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོའི་ཆོས་ཁྲི་ལ་འཁོད་དེ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་བཙུགས་པས་ཆོས་སྡེ་ཆེན་པོའི་བླ་མ་གྲྭ་རིགས་སྦྱིན་བདག་དང་བཅས་པ་རྣམས་གོང་མ་ཆོས་ཀྱི་རྒྱལ་པོ་ཁུ་དབོན་གྱིས་ཆོས་སྲིད་ཀྱི་བསྟན་པ་འཛིན་པ་ལ་འགྲན་ཟླ་དང་བྲལ་བ་ཞིག་འོང་འདུག་ཅེས་གླེང་བ་དང་རབ་དགའི་ས་ཐོབ་པ་ལྟར་བྱེད་འདུག །ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས། ལམ་གྱི་རྩ་བ་སྨིན་བྱེད་དབང་དང་འབྲེལ། །ལམ་གྱི་སྙིང་པོ་བསྐྱེད་རྫོགས་ཉམས་ལེན་བརྒྱན། །ལམ་གྱི་དངོས་གཞི་བརྗོད་བྲལ་ལྟ་བ་མཐོ། །ལམ་མཆོག་འདི་འདྲ་ཤེས་ན་ཀུན་མཁྱེན་ཉེ། །ཞེས་གསུངས་པ་ལྟར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། སྐལ་ལྡན་རྣམས་སྨིན་གྲོལ་བྱང་ཆུབ་ལ་འགོད་པའི་ཐབས་མཆོག །སྟོབས་བཅུའི་མགོན་པོ་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་གི་བཞེད་གཞུང༌། རྗེ་བཙུན་བདག་མེད་མཁའ་འགྲོའི་ཞལ་དྲོད་མ་ཡལ་བ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཡོངས་སུ་རྫོགས་པ། སྣང་བ་གསུམ་གྱི་དུས་བླ་མ་རྣམས་ཀྱི་རྣམ་ཐར་གྱི་ལུང་རྫོགས་པ། ཆོས་སྤྱོད་ཁ་ཤས། གཏོར་མ་བརྒྱ་རྩ་སོགས་ཀྱི་ལུང༌། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། སློབ་མ་རྗེས་འཛིན་དང༌། བསྙེན་པ་ཁ་གསོ་བྱས་ཏེ། དབང་གི་མངོན་པར་