R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༡༥
[A:༡༡༥]འཕྲོག་པའི། །འཇིགས་མེད་གླང་པོའི་དགྲ་ཡི་སྟེང་བཞུགས་ནས། །དངོས་གྲུབ་མཆོག་སྩོལ་ངལ་བསོས་རྒྱལ་པོ་དང༌། །རྨུགས་འཛིན་དབང་པོས་འདོད་དགུའི་ཆར་ཆེན་ཕོབ། །ཅེས་མཆོད་པར་བརྗོད་པས་སྔོན་བསུས་ཏེ། དེའང་དམ་པ་གོང་མ་རྣམས། བསམ་བཞིན་དུ་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་སྐྱེ་བ་བཞེས་ཏེ་མཛད་པའི་ཕྲིན་ལས་ཇི་སྙེད་ཀྱིས་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་པའི་ཚུལ་གྱི་རྣམ་པར་ཐར་པ་འགོད་པ་ནི་དགོས་པ་ཆེན་པོ་དང་ལྡན་ཞིང༌། གཞན་མ་ཚེ་གང་གི་བྱ་ལས་གང་བྱས་རྣམས་ཡི་གེར་བྲི་བར་འོས་པ་ཞིག་ཡིན་ན་འཇིག་རྟེན་པ་རྣམས་གཞན་ལས་རྣམ་གྲངས་མང་ཞིང་བྱས་པ་རྒྱ་ཆེ་བ་འོང་འདུག་ཅིང༌། རང་ཉིད་ཀྱང་དམ་པ་གོང་མའི་གདན་སར་མིའི་ལད་མོ་སྤྲེའུས་བྱེད་པ་ལྟར་ལས་རྟོགས་བརྗོད་སོགས་འབྲི་འོས་ག་ལ་ཡོད་གཤིས་འབྲི་འདུན་གཏན་ནས་མེད་ནའང༌། །དཔོན་རིན་པོ་ཆེ་ངག་དབང་མཁྱེན་བརྩེ་རབ་བརྟན་དང༌། ཉན་པོ་ནས་མཁས་ཤིང་གྲུབ་པ་ཆོས་རྗེ་རིན་པོ་ཆེ། རྨོར་ཞབས་དྲུང༌། མཛོད་པ་ལྷུན་གྲུབ། གསང་སྦུགས་ནས་ཚོང་དཔོན། གཞན་ཡང་བླ་མ་གྲྭ་རིགས་སོགས་ཉེ་བར་གནས་པ་ཚང་མས་འབྲི་དགོས་ཚུལ་གསུང་བར་དགོས་པ་ཆུང་ཚུལ་ལས་ཁས་ལེན་མ་ཞུས་ཀྱང༌། རྗེས་སུ་ས་སྐྱ་ནས་གོང་མ་ཆོས་ཀྱི་རྒྱལ་པོས་རྟོགས་བརྗོད་འབྲི་དགོས་ཚུལ་གནང་བར་བཀའ་ནན་གྱེན་ཟློག་མ་ནུས་པ་བཅས་ཟུར་ཙམ་འབྲི་བའི་ལུགས་སུ་བྱས་པ་ནི། དེའང་འགྲོ་བ་ཐམས་ཅད་ཀྱི་སྐྱབས་དང་མགོན་གཅིག་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ནས་བདུད་བཏུལ་བ་དང༌། མངོན་པར་བྱང་ཆུབ་ནས་ཆོས་