R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༡༦
[A:༡༡༦]ཀྱི་འཁོར་ལོ་བསྐོར་ཏེ་འགྲོ་བ་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པའི་གནས་འཕགས་ཡུལ་རྡོ་རྗེ་གདན་ནས་དཔག་ཚད་བརྒྱ་བགྲོད་པ་ན་བྱང་ཆུབ་སེམས་དཔའ་ལག་ན་པདྨའི་ཞིང༌། བྱང་ཕྱོགས་ཁ་བ་ཅན་གྱི་སའི་ལྟེ་བ་ཕོ་བྲང་ཆེན་པོའི་རི་བོ་གྲུ་འཛིན་དང༌། །ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་ཟུང་དུ་འབྲེལ་བ་དང་ཉེ་བའི་ཆ། སྔོན་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང༌། སློབ་དཔོན་ཆེན་པོ་པདྨ་བཛྲ་དང༌། དམ་པ་སངས་རྒྱས་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་སྒྲུབ་པའི་གནས་དང༌། ལོ་ཙཱ་བ་ཀ་ཅོག་ཞང་གསུམ་སོགས་སྐྱེས་ཆེན་དུ་མའི་གཙུག་ལག་ཁང་དང༌། ཀུན་དགའ་ར་བ་དུ་མས་གང་བ་ཕན་བདེའི་འབྱུང་ཁུངས་སུ་གྱུར་པའི་འཕན་ཡུལ་གྱི་ཁྲགས་གསུམ་གྱི་གོང་མ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། རྒྱ་བལ་གྱི་བཙུན་མོ་བཞུགས་པའི་ས་རྒྱལ་པོ་ལུང་དང་བཙུན་མོ་ལུང་ཞེས་གྲགས་པ་དང༌། སྔོན་རྫོགས་པའི་སངས་རྒྱས་འོད་སྲུང་གི་འཁོར་དགྲ་བཅོམ་པ་ལྔ་བརྒྱ་འཇའ་ལུས་སུ་ཆོས་སྐུར་གྱུར་པའི་གནས་དེང་སང་ཀྱང་དུང་དང་གཎྜིའི་སྒྲ་ཐོས་པ་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཞུགས་གནས། ཁྱད་པར་བདག་ཆེན་རྡོ་རྗེ་འཆང་དང༌། རྡོ་རིངས་པ་ཆེན་པོ། ཚར་ཆེན་གསུམ་གྱི་སྒྲུབ་གནས། རྡོ་རྗེ་འཇིགས་བྱེད་དང༌། རྣལ་འབྱོར་མས་བྱིན་གྱིས་བརླབས་ཤིང་ཆོས་སྲུང་རྣམས་སྦྲིན་བཞིན་དུ་འདུ་བའི་གནས་བྱ་བཟང་ལྷུན་གྲུབ་བདེ་ཆེན་དང་མི་རིང་ཞིང༌། ཞང་སྣ་ནམ་གྱི་གཙུག་ལག་ཁང་བཞེངས་སྐབས། གནས་དེར་འགྲོ་བ་ལ་ཕན་བདེ་འབྱུང་བའི་སྨོན་ལམ་མཛད་དེ་བྲག་ལ་ཕྱག་བརྡབས་པས། བྲག་