R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༧༠
[A:༡༧༠]བར་ལག་ཏུ་ཡོད་པ་རྣམས་ཁམས་སོག་གི་སྟབས་ཕྱི་འཁྱར་བྱུང་དོགས་བཅས་རྟེན་བཞེངས་ཤིག་བྱེད་རྩིས་བཅས་སྤྲུལ་པའི་བཟོ་བོ་ལྟ་བུའི་གླང་ཐང་སྤྲུལ་སྐུ་ནོར་བུ་རྒྱལ་མཚན་བོས་ཏེ། འཇིམ་པ་ལ་རྒྱ་བོད་ཀྱི་གནས་ཆེན་རྣམས་ཀྱི་ས་སྣ། རྡོ་སྣ། མཁས་གྲུབ་དུ་མའི་བྱིན་རྟེན་མང་བ། གཙོ་བོར་གོང་མ་ཉིད་ཀྱི་གདུང་རུས། རིང་བསྲེལ། དབུ་ལོ། ན་བཟའ། གདུང་ཐལ། སྨན་སྣ། གསེར་དངུལ་སོགས་རིན་པོ་ཆེའི་རིགས་རྣམས་བསྲེས་ཤིང༌། གདུང་རུས་ལ་ཆོས་སྐྱོང་རྣམས་ཀྱི་སྐུ་མང་ཙམ་བྱོན་པ་ཡོད་གཤིས་དར་འདམ་ལས་གྲུབ་པའི་ལྕམ་དྲལ་ལྷ་གསུམ། བྲམ་གཟུགས། རབ་བརྟན་མ། རྣམ་སྲས་རྣམས་བཞེངས་བཀོད་ཀྱི་ལས་གྲྭ་བཙུགས་ཤིང༌། མགོན་ཆེན་ལ་རྒྱུག་མཐོ་ལྔ་ལྷག་ཙམ། གཞན་རྣམས་ཁྲུ་རེ་ལྷག་ཙམ་བཞེངས་པའི་རུས་ཤིང་ཚེར་མ་ཅན་ལ། གྲི་ལྕགས། གྲི་སྙིང༌། གྲི་ཤ །གྲི་ཁྲག་སོགས་རྫས་རྣམས་འཛོམ་པར་བྱས་ཏེ། ཐུན་མོང་མ་ཡིན་པའི་འཁོར་ལོ་སྒྲུབ་པ་སོགས་ཕྱག་བཞེས་ལྟར་དང༌། གཙོ་བོ་གུར་གྱི་མགོན་པོར་གོང་མ་ཉིད་ཀྱི་སྐུ་ཚིགས་བདུན་པར་དབུ་ཀླད་བབས་པར་གུར་མགོན་གྱི་སྐུ་འབུར་དོད་དུ་བྱོན་པ་རིང་བསྲེལ་གྱིས་གཏམས་པ་དང༌། ཐུགས་དམ་ལས་བཞེངས་དུས་བྱང་སེམས་ཤངས་གཉིས་ལས་བབས་པ་ཁ་བཏགས་ལ་སྦགས་པ། ཚེམས་དང༌། དབུ་ལོ་བུབ། འཕགས་པ་རིན་པོ་ཆེའི་ཐུགས་དམ་རྟེན་གུར་མགོན་འཁོར་བཅས་རྡོ་ནག་ལས་གྲུབ་པ་དང༌། ཡུམ་ཆེན་ལ་གོང་མའི་ཚེམས་ལ་ཐུབ་པ་གྲོང་ཁྱེར་མ་རིང་བསྲེལ་གྱི་དྲྭ་བས་སྤྲས་པ། དབུ་ཐོད་ཀྱི་དུམ་བུར་འབྲུ་གསུམ་བྱོན་པ། འདོད་ཁམས་མར་གོང་མའི་དབུ་