[A:༡༡༨]ད་རྒན་ཞང་ཞུང་རྒྱལ་པོར་གྱུར། །འགྲོ་རྣམས་བདེར་བཀོད་བོད་ཡུལ་ཡར་ཀླུང་བྱོན། །འཇིག་རྟེན་དབང་ཕྱུག་སྲོང་བཙན་ནང་བློན་མཛད། །དེ་ནས་ལོ་ཙཱ་ཛྙཱ་ན་སིདྡྷི་ཡིས། །འཇམ་དབྱངས་ཆོས་རྒྱལ་ཁྲི་སྲོང་བཀའ་བཞིན་དུ། །བསྟན་དང་འགྲོ་བའི་དཔུང་གཉེན་མཁན་སློབ་གཉིས། །སྤྱན་དྲངས་ལྷ་སྲིན་ཀུན་བཏུལ་ཟབ་ཡངས་ཀྱི། །ས་བཏུལ་གཙུག་ལག་ཁང་བཞེངས་རབ་གནས་མཛད། །རྒྱལ་པོ་དགྱེས་ཏེ་གསེར་གྱི་ཡི་གེ་ཐོབ། །དམ་ཆོས་སྒྱུར་བའི་ལོ་ཙཱ་བ་ཡང་མཛད། །མཆེད་ཟླ་ཁྱི་འབྲུག་གིས་ཀྱང་ཁྲི་སྲོང་དང༌། །རྒྱལ་པོ་སད་ན་ལེགས་ཀྱི་ནང་བློན་མཛད། །སྒྲ་དང་ཚད་མའི་བསྟན་བཅོས་དུ་མ་བསྒྱུར། །ཛྙཱ་ནའི་སྲས་ལ་ཏག་ར་ཏག་ནུ་དང༌། །བཟང་ཏོ་རེ་ནུ་གཉིས་བྱུང་དང་པོ་ཡི། །ནང་བློན་མཛད་ཅིང་ཕྱི་མ་ཁ་བློན་གྱུར། །གཅུང་སྲས་ལྷ་སྦྱིན་ཁྲི་རལ་ནང་བློན་མཛད། །རྒྱལ་པོ་དགྱེས་ཏེ་ཧ་ཧོ་གངས་བཟང་ནས། །ཕྱུག་པོ་ཡུར་བ་གདོང་ཡན་ཉང་ལུང་གནང༌། །ལྷ་ཁང་བརྒྱ་རྩ་བཞེངས་ཏེ་བཀའ་ཆེན་བཞིའི། །ཆེ་བའི་ལས་ཀ་བརྩམས་ཏེ་ཉང་སྟོད་ཕྱོགས། །རང་གི་ཕོ་བྲང་བརྩིགས་ནས་བདེ་སྐྱིད་སྩལ། །དེ་ཡི་རིགས་ལས་ཞང་བློན་སོགས་དྲུག་གིས། །གཙུག་ལག་ཁང་བཞེངས་ཁ་བློན་མདོ་བློན་མཛད། །ཞང་བློན་སྲས་ནི་དཔལ་ལོ་དེ་ཡི་སྲས། །ཁྲི་བཟང་དེ་རིགས་སྲག་ཤེར་བསྟན་ཁྲི་དང༌། །དེ་རིགས་ཁྲོམ་ཤེར་ལྡོང་ཁྲི་བྱ་བ་བྱུང༌། །དེའི་སྲས་སྟག་གི་རྒྱལ་མཚན་འཆང་ཁྲི་གཉིས། །དང་པོར་གཡུ་ཐོག་སྒྲ་སོགས་སྲས་བཞི་བྱུང༌། །གཉིས་པར་གཡུ་འབུམ་ལ་སོགས་གསུམ་བྱུང་བའི། །ཆེ་སྲས་ལྕེ་བཙུན་ཤེས་རབ་འབྱུང་གནས་ཏེ། །སྐྱེས་མཆོག་འདི་ཡིས་ལོ་སྟོན་ཆེན་པོ་ཡི། །ཉེ་གནས་མཛད་