R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༤༣
[A:༤༤༣]བས་ཁྱབ་པ་ཞིག་ལས་མྱ་ངན་གྱི་སྣང་བ་ཡེ་མེད་པ་ཞིག་བྱུང༌། ནམ་ཟླའི་སྟབས་ཐུགས་དམ་གྲོལ་ནས་སྐུ་གདུང་རིན་པོ་ཆེ་བྱེ་ལྟེམས་ཞུ་བའི་ཕྱིར་ཞབས་ཕྱི་དྲུང་འཁོར་རྣམས་ཀྱིས་དེ་ནུབ་གསང་སྒོའི་སྟབས་བྱེ་མ་ལེན་པར་མཛད་ཅིང༌། ཕྱིར་ནང་སྐུ་ཅུང་ཕྲད་ཕྱི་བསྐྱིད་ཀྱི་ཚུལ་དུ་བཞུགས་ཤིང༌། ཞལ་མདངས་མི་ལེགས་པ་སོགས་འོད་གསལ་ལས་བཞེངས་པའི་ལྟས་རྣམས་མངོན་དུ་གྱུར་པའི་ཐོག་མར་སྤ་སྤ་ལགས་དང༌། བླ་མ་ཕྱག་མཛོད་ལགས་ཀྱིས་དབུས། དྲུང་འཁོར་རྣམས་དང༌། གཙོ་བོར་མཚུངས་མེད་རྔོག་སྟོན་ཆེན་པོ་སོགས་དེར་བཞུགས་རྣམས་ཀྱིས་སྙན་ཤལ། གསོལ་འདེབས་སོགས་བཀའ་དྲིན་བསྐྱངས་འདུག་པར་ཞལ་མདངས་ཅུང་ཟད་ལེགས་སུ་སོང་བར་བྱུང་འདུག་ཅིང༌། ངེད་གཟིམས་ཆུང་ཤོད་ནས་གང་སྤྱིའི་བཀོད་པ་རྣམས་གྲུབ་སྟེ། གདུང་ཡིད་བཞིན་ནོར་བུའི་སྐུ་ཞབས་སུ་བཅར་ནས་བཀྲ་ཤིས་པའི་ལྷ་རྫས་ཆེ་ལེགས་གངས་རིའི་མདངས་ལྡན་ཞིག་སྐུ་ལ་ཕུལ་བ་དང་ལྷན་དུ་ཐུགས་ཀའི་ཐད་དུ་མགོ་བོ་གཏུགས་ནས། སྤྱི་དང་བྱེ་བྲག་གི་བསྟན་པ་རྒྱས་པ་དང༌། སེམས་ཅན་ལ་བདེ་སྐྱིད་འབྱུང་ཞིང༌། ཁྱད་པར་འདྲེན་པ་གང་གི་བཀའ་ཆེམས་ལྟར་མཆོག་གི་སྤྲུལ་པའི་སྐུ་མྱུར་དུ་ཕེབ་སྟེ། ཐུགས་བསྐྱེད་སྨོན་ལམ་རྣམས་མཐར་ཕྱིན་པ་དང༌། བདག་སོགས་བླ་བྲང་འདི་ཉིད་འཛིན་པའི་རྗེས་འཇུག་རྣམས་ཀྱང་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཕ་བླ་མ་རིགས་ཀུན་བདག་པོ་ཉིད་ཀྱིས་རྗེས་སུ་བཟུང་སྟེ། བྱང་ཆུབ་བར་དུ་སེམས་ཅན་གྱི་དོན་དུ་བྱོན་པའི་འདྲེན་པའི་ཡང་སྲིད་རྣམས་དང་མི་འབྲལ་ཞིང༌། བསམ་དོན་མཐའ་དག་འགྲུབ་པའི་སྨོན་ལམ་ཡིད་ཆེས་པར་བཏབ། འདི་སྐབས་ཞལ་གྱི་དཀྱིལ་འཁོར་མདངས་ཤིན་