[A:༦༢༡] དེའི་སང་ཉིན་ནམ་མཐོང་ཟླ་བའི་དུས་ཆེན་སུམ་འཛོམ་གྱིས་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དབང་དོན་དག་བྱ་དག་བྱེད་ངོ་འཕྲོད་ངེས་ཀྱི་དབང་བསྐུར་བ་ནས་རིམ་གྱིས་ཕུལ་བར་རྒྱལ་ཡུམ་གྱི་དགོངས་རྫོགས་སུ་དམིགས་པའི་ཉིན་རེར་མང་ཇ་བཟང་བ་རེ་དང་བཞེས་ཐུག་རེ་མ་གྲོལ་བར་དུ་གནང་ཞིང༌། དེ་སྟེང་དུ་ཐོག་མར་སྦྱིན་བདག་བཀའ་བཅུ་ཀུན་བཟང་དོན་གྲུབ་ཀྱིས་འཛུགས་ཇ་བཟང་བར་མཛད། ཉིན་བསྟར་གྱིས་ཕྱོགས་འདུས་རང་གྲྭ་བཅས་པ་ཐམས་ཅད་ཀྱིས་མང་ཇ་བཞེས་ཐུག་ཉིན་རེར་གསུམ་བཞི་རེ་མ་ཆག་པར་བྱུང་ཞིང༌། སོ་སོ་ནས་བསྔོ་རྟེན་བཅས་ཉིན་བསྟར་ཡུམ་དེ་ཉིད་གཙོ་བོར་གྱུར་པ་ཐམས་ཅད་ལ་བསྔོ་བ་རྒྱས་པར་ཞུས། སྦྱིན་བདག་གི་གཙོ་བོ་ནི་བཀའ་བཅུ་ཀུན་བཟང་དོན་གྲུབ་ཡིན་ཞིང༌། རྩེས་དོང་ཀུན་དགའ་ཐབས་མཁས་ཀྱིས་ཞབས་འདེགས་རྒྱས་པར་མཛད་པའི་རྒྱུན་གྱི་བསྙེན་བཀུར་གྱ་ནོམ་པ་མཛད། རང་རེས་ཀྱང་གོང་མའི་ཕྱག་ལེན་རས་བོར་དུ་མ་སོང་བའི་ཉིན་བསྟར་དཀྱིལ་འཁོར་ཕྱི་མའི་ལྷ་སྟ་གོན་དང༌། བུམ་པ་སྟ་གོན་དང་བཅས་པ་རྒྱས་པར་བྱས། ཞག་གིས་མ་ཆོད་ཕྱིན་ས་ལྷ་དང་སློབ་མ་སྟ་གོན་ཉིན་དང་པོ་ལས་འོག་མ་རྣམས་ལ་མི་མཛད་ཅིང༌། དབང་གི་རིམ་པའང་ཕ་རྒྱུད་བཞི་ལ་རུས་རྒྱན་དང་ཌ་མ་རུ་མི་དགོས་པ་སོགས་བརྒྱུད་པའི་ཕྱག་ལེན་རུང་བར་བགྱིས་སྒང༌། མཇུག་ནས་རྩེས་དོང་རབ་འབྱམས་པ་ངག་དབང་བསྟན་འཕེལ་དང༌། སྒེར་པ་རྗེ་དྲུང་རིན་པོ་ཆེ། འོན་ཆོས་སྡིངས་ནས་རྒྱ་མཚོ་ཟླ་བ་སོགས་ཕེབ་པའི་ཆོས་སྡིངས་ཕྱག་ཕྱི་རྣམས་དབང་ཁ་ཤས་ལའང་ཡོད། ཚོང་འདུས་ཚོགས་པ་གྲྭ་ཚང་ཡོངས་རྫོགས་ཀྱང་སྐུ་རིམ་རྒྱབ་ཆོས་ལ་ཕེབ་པ་རྣལ་འབྱོར་རྒྱུད་མན་ཆད་ཐམས་ཅད་ལ་ཡོད་ཅིང༌།