R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༨༡
[A:༤༨༡]གླིང་པའི་ཨ་ཏི་ཡོངས་རྫོགས་ཀྱི་ལུང་སོགས་ཆོས་བཀའ་དཔག་ཏུ་མེད་པ་འབུལ་བ་གནང༌། དེ་མཚུངས་ཐུབ་བསྟན་མཁན་ཆེན་གྱིས་ཐུན་མོང་དུ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་པུ་སྟི་གསུམ་གྱི་ལུང༌། རྗེ་དབོན་རིན་པོ་ཆེར་སྒེར་དུ་ཀུན་མཁྱེན་བསོད་ནམས་སེང་གེའི་སྔགས་འབུམ་པུསྟི་གསུམ་གྱི་ལུང༌། ཀུ་རུ་ཀུལླེ་གསང་སྒྲུབ་ལྷ་ལྔའི་བྱིན་རླབས། ངག་དབང་བློ་གསལ་བསྟན་པ་རབ་རྒྱས་ཀྱིས་ཐུན་མོང་དུ་ལམ་སྦས་བཤད་ཀྱི་ཐུགས་རྡོ་རྗེའི་ཁྲིད། ཀླུ་སྒྲུབ་རྗེའི་ཡི་གེའི་སྟེང་ནས་བྱིན་རླབས་ལུང་དང་བཅས་པ་འབུལ་བ་གནང༌། གོང་གསལ་འདི་ཐམས་ཅད་ཚང་བར་ཐོབ་པའི་སྟེང་དུ་བདག་རང་གིས་ཐུབ་བསྟན་མཁན་ཆེན་དྲུང་དུ་དམར་པོ་སྐོར་གསུམ་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་དང༌། འཇིགས་བྱེད་རྭ་ལུགས་བཅུ་གསུམ་མའི་དབང་ཚར་ལུགས་ཐུན་མོང་མ་ཡིན་པ་ཁྲིད་བཅས་ཞུས། ངག་དབང་བློ་གསལ་བསྟན་པ་རབ་རྒྱས་དྲུང་དུ་བེག་ཙེ་འཁོར་མང་གི་རྗེས་གནང༌། ནཻ་གུའི་ཁྲིད་ཚར་ལུགས། ཚར་ཆེན་རིན་པོ་ཆེའི་གསུང་འབུམ་ཕལ་ཆེ་བའི་ལུང༌། མཁན་ཆེན་དོན་གྲུབ་ལེགས་བཟང་གི་དྲུང་དུ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད། རྣམ་སྲས་ལྔ་ཕྲག་གསུམ་གྱི་རྗེས་གནང་སོགས་ཞུས། མདོར་ན་ཟླ་བ་དེ་ཙམ་གྱི་བར་དུ་ཆོས་དེ་ཙམ་ཐོབ་པ་སྐལ་པ་བཟང་བའི་མཆོག་གནས་དང༌། དུས། སྟོན་པ། ཆོས། འཁོར་ཏེ་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་གྱུར། དེ་ནས་རྗེ་བླ་མ་དཔོན་སློབ་རྣམས་བྱང་ལམ་བརྒྱུད་ནཱ་ལེནྡྲར་ཕེབ། དབོན་རིན་པོ་ཆེ་དཔོན་གཡོག་ཧྲགས་བསྡུས་མདོ་ཁམས་ཕྱོགས་སུ་ཕེབ། ཁོ་བོས་རེ་ཞིག་ཞབས་ཕྱིར་བསྡད། དེ་བར་བློ་གསལ་གྱིས་གསོལ་དཔོན་ཞུས་ནས་ཟླ་བ་བཞི་ཙམ་