R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༨༢
[A:༤༨༢]སོང་བསྟུན་དགོངས་ཁྲོལ་ཞུས་པར། རེ་ཞིག་ཀྱེ་རྡོར་བསྙེན་ཆེན་སོགས་ཀྱི་སྟབས་ནས་དེ་ཁ་བྱས་ནས་འགབ་ཅེས་ཕེབ། མཚམས་ཀྱི་རིང་གི་ཇ་མར་དང༌། ཉེར་མཁོ་ཐམས་ཅད་དང༌། མི་དང་མི་མ་ཡིན་གྱི་འགྲོ་བ་ཐམས་ཅད་ཀྱི་བར་ཆད་སེལ་ཞིང་མཐུན་རྐྱེན་སྒྲུབ་པའི་བཀའི་སྤྲིང་ཡིག་དང་བར་ཆད་ཀྱིས་མི་ཚུགས་པའི་བཀའ་བསྒོ་རྒྱས་པར་སྩལ། འབྲལ་མི་ཕོད་པ་ལྟ་བུར་བྱུང་ཀྱང་ཞབས་སྤྱི་བོར་བཀོད་པའི་སྨོན་ལམ་དང༌། ཁྱད་པར་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པར་མཛད་དུ་གསོལ། ཞེས་མཆི་མའི་རྒྱུན་ཆར་ལྟར་འབབས་བཞིན་པ་དང་བཅས་རང་གནས་སུ་ལོག་སྟེ། དེ་ཡན་ཆད་དུ་ལོ་བཅུ་གསུམ་བར་མི་འབྲལ་བར་ཞབས་པད་བསྙེན་པའི་སྐབས་སོ། །དེའང་རྗེ་བླ་མ་འདི་ཉིད་ཀྱི་ཞབས་དྲུང་དུ་ཡུན་དེ་ཙམ་སོང་ཀྱང་ཐུགས་ཅུང་ཟད་ཁྲོ་བའི་རྣམ་འགྱུར་ཙམ་ཡང་གནང་བ་མི་དྲན། བཀའ་ལུང་གི་རིམ་པའང་གཙོ་བོར་གསུང་ངག་ཚོགས་སློབ་སྡོམ་པ་ཚར་བཅུ་གཉིས། རྡོ་རྗེ་ཕྲེང་བ་ཚར་བརྒྱད་སོགས། མདོར་ན་རྗེ་བླ་མའི་གསན་ཡིག་ནང་བཞིན་བུམ་པ་གང་བྱོའི་ཚུལ་དུ་བཀའ་དྲིན་བསྐྱངས། ཟང་ཟིང་གི་གནང་ཆའང་སྔ་ཕྱིར་རྟ་མཛོ་ཕོ་མོ། ཇ། གོས་དར། དཀར་ཡོལ་སོགས་དཔག་མེད་དང༌། ཁྱད་པར་ཕྱག་དཔེ་སོགས་ཐུགས་དཀྱིལ་ནས་མ་བོར་བ་ཡང་ཡང་བཀའ་དྲིན་བསྐྱངས་པའི་སྐུ་དྲིན་བྱང་ཆུབ་བར་དུ་གཞལ་མི་ནུས་མོད། འོན་ཀྱང་བཀའ་ལུང་གང་ཐོབ་ཐམས་ཅད་བེད་མེད་དུ་མ་བཞག་པར་རང་གིས་ཉམས་ལེན་གང་ནུས་དང༌། གཞན་དོན་གཉེར་ཅན་རྣམས་ལའང་ངལ་སུན་མེད་པར་ཕུལ་བས་སྐུ་དྲིན་བསབས་པ་ལ་ཕན་ནམ་སྙམ་པ་ནི་ཡོད། དེ་དག་གི་སྔ་ཕྱིར་དམ་པ་དུ་མ་ལས་ཟབ་པ་དང་རྒྱ་