R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༨༥
[A:༤༨༥]དབང་ཕྱོགས་ལས་རྣམ་རྒྱལ་འདི་ཉིད་ལ་སྔ་ཕྱིར་འཇམ་དབྱངས་གང་བློ་མའི་རྗེས་གནང༌། བེག་ཙེ་ལྕམ་སྲིང་གི་རྗེས་གནང༌། ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་གསེར་ཆོས། དབུ་མ་ལུགས་ཀྱི་སེམས་བསྐྱེད་སོགས་རྗེས་གནང་ཤིན་ཏུ་དཀོན་པ་མང་པོ་དང༌། ལུང་རྒྱུན་དཀོན་པ་རྣམས་ཐུགས་ཁུར་ཆེ་བཞེས་ཀྱིས་སྲུབས་བར་ཐམས་ཅད་དུ་རྨོར་དང་ར་བ་སྨད་སོགས་སུའང་ཕེབ་ནས་སྩལ་བས་བཀའ་དྲིན་ཆེ་བར་འཁུམས། གོང་དཀར་ཆོས་སྡེར་སློབ་དཔོན་དོན་གྲུབ་ཆོས་གླིང་པ་བསྟན་པ་རྒྱ་མཚོར་དུས་འཁོར་འགྲེལ་ཆེན་བུ་སྟོན་རིན་པོ་ཆེའི་གསུང་མཆན་དང་བཅས་པ། ཁྲོ་ཕུ་བའི་མན་ངག་བརྒྱ་རྩ། དུས་འཁོར་མངོན་དཀྱིལ་ཆོས་རྗེ་བླ་མས་མཛད་པ་སོགས་ཞུས། དེ་ལྟར་རང་ལོ་སོ་བདུན་ཡན་ཆད་དུ་གོང་སྨོས་ལྟར་རྗེ་བླ་མའི་ཞབས་དྲུང་དུ་ཆོས་དང་ཟང་ཟིང་གིས་བསྐྱངས་ཏེ་དགའ་བདེའི་དཔལ་ལ་སྤྱོད་པའི་སྐབས་སོ། །སྐབས་འདིར་འདི་འདྲ་ཞིག་ཐོན་ཏེ། དམ་པའི་ཞབས་པད་ཡུན་དུ་བསྟེན་པའི་མཐུས། །དམ་པའི་སྤྱོད་ཚུལ་ཤུགས་འབྱུང་ཚུལ་དུ་ཤེས། །དམ་པ་མིན་རྣམས་ཕྲག་དོག་གིས་མྱོས་ཀྱང༌། །དམ་པ་རྣམས་ནི་གཏིང་ནས་ཁྲེལ་བའི་རྒྱུ། །སྔོན་ནས་དཔལ་ལྡན་ངོར་པའི་བསྟན་ཞུགས་ཀྱང༌། །སྔོན་གྱི་ལས་འཕྲོས་ཚར་པ་ཆོས་རྗེའི་ལུགས། །སྔོན་ཆད་གཞན་གྱིས་མ་རྙེད་སྙན་བརྒྱུད་རྣམས། །སྔོན་དུ་གྱུར་འདི་གཞན་ལ་སྨོན་མ་དགོས། །ཚེ་རབས་དུ་མར་བསྐྱངས་པའི་འདྲེན་པ་མཆོག །རྡོ་རྗེ་འཆང་དབང་ཚར་པ་ཆོས་ཀྱི་རྗེའི། །སྙན་བརྒྱུད་ཟབ་མོས་བདག་རྒྱུད་ཡོངས་གང་བ། །དེང་སང་དུས་ན་ཁོ་བོ་མིན་པ་སུ། །འགའ་ཞིག་འདི་ཡིས་