[A:༤༩༠]ལྡན་ས་སྐྱ་ནས་སྔགས་འཆང་ཐམས་ཅད་མཁྱེན་པ་ཆེན་པོའི་བཀའ་ཤོག་རིན་པོ་ཆེ་དང༌། སྡེ་སྲིད་ཆེན་མོའི་བཀའ་ཤོག་བཅས་ཕེབ་པ་ལྟར་ལོ་དེའི་གཟའ་ཚེས་དགེ་བར་གདན་ས་ཆེན་པོ་ནས་མང་ཇ་གནང་སྦྱིན། རྡོར་བྲག་ནས་ཐུགས་དམ་བཀའ་ཤོག་མང་བཀོལ་བསྐོ་འཇའ་རྒྱས་པ། གྲྭ་མང་སོ་སོ་ནས་ཚན་གྲངས་བཅས་རྒྱས་པར་བྱུང་བ་ལྟར་བླ་བྲང་གི་ཁུར་ལེན་གྱི་ཁུལ་བགྱིས། དེ་ལོ་ཡར་ཀླུངས་བཀྲ་ཤིས་ཆོས་སྡེ་ནས་འ་ཞྭའི་རྡོ་རྗེ་འཛིན་པ་ཆེན་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་འདུས་པའི་སྡེ་དང་བཅས་པས་ནན་གྱི་འོང་དགོས་ཚུལ་ཕེབ་པ་ལྟར་སྙན་བརྒྱུད་ཀྱི་བསྟན་པར་བསམས་ནས་ཁས་ལེན་ཞུས་པས་ཡར་ཀླུངས་སུ་འགྲོ་བའི་སྟ་གོན་བྱས། གཟའ་ཚེས་དགེ་བ་རང་གི་བསྟི་གནས་ནས་བསྐྱོད་དེ་ར་བ་སྨད་དགོན་པར་བསྡད། སང་ཉིན་སྤྱི་པ་སོགས་ཀྱིས་སྒང་སྟོད་བར་སྐྱེལ་མར་བྱོན་རིམ་བཞིན་ཆོས་འཁོར་གནས་གྲ་ཕྱི་ཚོང་འདུས་ཚོགས་སུའང་ཞབས་ཏོག་བསྙེན་བཀུར་དཔག་མེད་བྱུང༌། མར་ལམ་ཁྲ་འབྲུག་ཏུ་ཆོས་རྒྱལ་གཏེར་བདག་གླིང་པ་དང་མཇལ། ཤིན་ཏུ་ལེགས་སོའི་དབུགས་དབྱུང༌། བཀའ་ལས། ཆོས་སྡེའི་ཉི་མ་མ་ནུབ་གོང་དུ་འབྱོར་པ་རྟེན་འབྲེལ་ལེགས་པས་བརྩོན་ཙམ་འགྲོ་དགོས་ཕེབ་པ་ལྟར་ཉི་མ་མ་ནུབ་གོང་དུ་སླེབས། དེ་ནས་ཞག་གཉིས་སོང་ཐོག་གཙུག་ལག་ཁང་གི་སྟེང་བླ་མ་ལྷ་ཁང་དུ་འ་ཞྭའི་རྡོ་རྗེ་འཛིན་པ་ཆེན་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། བཀའ་འགྱུར་བ་ངག་དབང་རབ་བརྟན། རབ་འབྱམས་པ་ངག་དབང་བསྟན་འཕེལ། དགེ་སློང་ཕུན་གྲགས་སོགས་ར་བ་སྨད་པ། རབ་འབྱམས་པ་བསོད་ནམས་རྣམ་རྒྱལ་སོགས་ཆོས་འཁོར་གནས་པ། བྱང་འདྲེན་ཕྲིན་ལས་སོགས་ཚོང་འདུས་ཚོགས་པ།