R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༩༡
[A:༤༩༡] རྩེས་དོང་འབྲས་སྤུངས་གླིང་པ་སོགས་ཕྱོགས་འདུས་སུམ་ཅུ་སྐོར་དང༌། ཆོས་སྡེ་རང་གི་རྡོ་རྗེ་སློབ་དཔོན་སོགས་གཉུག་མར་གནས་པ་ལྔ་བཅུ་སྐོར་ཁྱོན་དྲིལ་བརྒྱད་ཅུ་སྐོར་ལ་འཇིགས་བྲལ་དཔལ་ལྡན་བིརྺ་པའི་བཞེད་སྲོལ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་སྐལ་ལྡན་སྨིན་གྲོལ་གྱི་ལམ་ལ་འཁྲིད་པར་བྱེད་པའི་གདམས་པ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་སློབ་བཤད་དུ་གྲགས་པ་ཤིན་ཏུ་རྒྱས་པ་སྣང་བ་གསུམ་གྱི་དུས་གསུང་ངག་རིན་པོ་ཆེའི་ཟིན་བྲིས་གསང་ཆེན་བསྟན་པ་རྒྱས་པའི་ཉི་འོད་ཀྱི་གསུང་ངག་བྱུང་ཚུལ་གྱི་ཟིན་བྲིས་ཀྱི་སྟེང་ནས་རྩ་བའི་བླ་མ་ཡན་ཆད་ཀྱི་རྣམ་ཐར་བཤད་པ་ཡོངས་སུ་རྫོགས་པ་ངག་ཐོག་ནས་ཕུལ། དངོས་གཞིའི་མ་དག་པའི་སྣང་བ། ཉམས་ཀྱི་སྣང་བ། དག་པའི་སྣང་བ་གསུམ་གྱི་ཁྲིད་ཤིན་ཏུ་རྒྱས་ཤིང་མཐའ་ཆོད་ངེས། རྒྱབ་རྟེན་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ། ཞིབ་མོ་རྡོ་རྗེ། ཞིབ་མོ་རྣམ་འཐག །བརྒྱུད་པ་སོ་སོའི་རྣམ་ཐར་ཆ་ཚང་བ་བཅས་ཞག་ཉི་ཤུ་སྐོར་དང༌། དེ་ནས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་པ་བདག་ཆེན་རྡོ་རྗེ་འཆང་གི་ཡི་གེ་སོར་བཞག་གི་སྟེང་དང༌། ཚར་ཆེན་རིན་པོ་ཆེའི་གསུང་རྒྱུན་ཟིན་བྲིས་སྟེང་ནས་སློབ་མ་རྗེས་འཛིན་ཕྱག་ལེན་རྒྱས་པར་ཕུལ། དེ་ཉིན་ཁ་བ་ཤིན་ཏུ་ཆེ་བ་རི་ཀླུངས་ཐམས་ཅད་དུང་དཀར་ཕྱིས་པ་ལྟ་བུར་བབས་པ་སྙན་བརྒྱུད་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པར་གྱུར། དེ་ནས་བདུན་ཕྲག་གཅིག་གི་བར་བདེ་ལྡན་དུ་བསྙེན་པ་ཁ་གསོ་བུམ་པ་ལ་བརྟེན་པ་སློབ་བཤད་པའི་