[A:༤༩༢]ཕྱག་ལེན་ལྟར་གྲུབ་འཕྲལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དག་བྱ་དག་བྱེད་ངོ་འཕྲོད་པའི་སྒོ་ནས་ཤིན་ཏུ་སྨིན་པ། ཁྱད་པར་རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སློབ་མ་རེ་རེ་ནས་དབང་སྟེགས་ཀྱི་སྟེང་དུ་འཇོག་པ་སོགས་ཁའུ་བྲག་རྫོང་པའི་བཞེད་པ་འཁྲུལ་མེད་དང༌། དབང་གི་མཚམས་སྦྱོར་ཡང་བྲག་ཕུག་པ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་དབང་བཤད་དང༌། སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་མཛད་པའི་འཇིགས་བྱེད་ཀྱི་དབང་བཤད་སྟེང་ནས་ལེགས་ཆ་བསྡུས་པའི་བཤད་པ་རྒྱས་པར་བྱས། སྟ་གོན་གྱི་ཁྱད་ཆོས་ཕྲ་མོ་རྣམས་ཀྱང་སློབ་བཤད་པའི་ལུགས་སྲོལ་འཁྲུལ་མེད་ལྟར་གྲྭ་པ་ཡོངས་རྫོགས་ལ་འབུལ་དགོས་སྟབས་ནས་ཞག་བཅུ་སྐོར་ཐོགས། དབང་གྲོལ་ནུབ་ནས་འཁོར་འདས་དབྱེར་མེད་ཀྱི་ལྟ་ཁྲིད་ཤིན་ཏུ་སྨིན་པ། སྒྲོ་འདོགས་གཅོད་པ་བདག་ཆེན་རིན་པོ་ཆེའི་འཁྲུལ་སྤོང་རབ་གསལ་ལ་རྩ་བ་སྦྱར་བའི་ས་གཞུང་སྤེལ་ནས་གཟབས་བཤད་རྒྱས་པ། དེ་གྲུབ་ནས་ཡུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཟིན་བྲིས་སྟེང་ནས་དབང་བསྐུར་བ་སྔོན་དུ་འགྲོ་བའི་ཕྱི་བསྐྱེད་རིམ་གྱི་དམིགས་ཁྲིད། སྒྲོ་འདོགས་གཅོད་པ་ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཕྱི་བསྐྱེད་རིམ་གྱི་རྣམ་བཤད་ལེགས་བཤད་ཉི་མའི་འོད་ཟེར་གྱི་སྟེང་ནས་བཤད་པ་ཤིན་ཏུ་རྒྱས་ཤིང་མཐའ་ཆོད་པ་བློ་ཐོག་ནས་བྱས། དེའང་རང་ཉིད་མིག་ཁ་བྱེ་མ་ཐག་ནས་ས་སྐྱ་པའི་བསྟན་པའི་སྒོར་ཞུགས། ཁྱད་པར་རྗེ་བླ་མའི་ཞབས་དྲུང་དུ་གསུང་ངག་ཐོག་མར་ཞུ་བའི་དུས་ངོར་ཆེན་གྱིས་མཛད་པའི་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་དང༌། ཀུན་དུ་དགོས་པའི་གཞུང་བདུན་བློ་ལ་བྱང་བར་ཡོད་གཤིས་གསུང་བཤད་རྣམས་བློ་ལ་ངེས་པར་བྱུང་སྟབས་སློབ་བཤད་འཆད་ཅེས་དཔའ་དཔའ་མོ་བྱེད་པ་རྣམས་དང་མི་འདྲ་བའི་གདེང་འདྲ་ཡོད་