[A:༤༩༨]མང་གྲགས། གང་མི་ཡོག་པའི་དེའི་དཔེ་ལྟར་ཁས་ལེན་དགོས་ཤར། དེ་གང་ནས་བླ་མ་འཕོ་རེས་སྔོན་མ་གཉིས་ཀྱི་སྐབས་ཀྱང་འོས་སུ་བྱུང་མོད། དེ་དུས་དུས་ལ་མ་བབས་པ་དང༌། རྗེ་བླ་མ་མཁྱེན་རབ་མཚན་ཅན་གྱིས་ཕོ་བྲང་ཆེན་པོར་དགེ་སློང་འཇམ་གྲགས་སྐུ་ཞབས་སུ་སྙན་བགག་ཞུ་བ་གནང་གཤིས་ཐོ་ཕུལ་ཀྱང་འོང་བ་མེད། དེ་ནས་ལམ་འབྲས་མཇུག་ཅུང་བསྡུས་ཙམ་བྱུང་ཀྱང་ཆ་ལག་འགྲིགས་པར་ཕུལ། འདི་ལམ་འབྲས་འཆད་ཐེངས་གསུམ་པ་ཡིན། དེ་གྲོལ་བསྟུན་ས་སྟག་ཟླ་བ་བཅུ་གཉིས་པའི་ཡར་ཚེས་བཅོ་ལྔ་ལ་ར་བ་སྨད་ནས་དབུ་ཧང་རམ་པ་དང༌། ཕུན་གྲགས་ཆོས་གཉིས། རྨོར་པའི་དབུ་ཆོས་གཉེར་པ་སོགས་དང་ངེད་རང་གི་ནུ་བོ་སོགས་ཀྱི་རྟ་སྐྱེལ་བ་དང་བཅས་ནམ་གསེང་ལ་ཐོན་པས་གྲུ་ཁར་ཡང་རབ་བརྟན་པའི་བཙུན་མ་སོགས་གཡས་གཡོན་ནས་འོང་མི་མང་ཙམ་འདུག །གྲུ་ཐོན་ནས་ར་བ་སྨད་ཀྱི་དབུ་ཆོས་གྲལ་མགོ་བ་ཁམས་ཚན་མི་ཚན་སོགས་དང༌། ཤར་ཕྱོགས་ནས་སོགས་རྟ་བསུ་བ་མང་བ་དང་བཅས་ཉི་དྲོས་ཐོག་ཆོས་གྲྭ་ཆེན་པོར་སླེབས། རྟེན་འབྲེལ་ཁྱད་ནས་ཐོག་མར་གཟིམས་ཆུང་དུ་དཀར་སྤྲོ་ཞིག་འདུག་ཅིང༌། དེ་ནས་ཚོགས་སུ་ཕྱིན་པའི་ཐོག་མར་གཞུང་ས་ཆེན་པོའི་བསྐོ་འཇའ་གནང་སྦྱིན། གྲྭ་དམངས་ལ་འགྱེད་བཅས་དང༌། རྡོ་རྗེ་བྲག་ནས་རྗེ་བླ་མ་རིགས་འཛིན་ཆེན་པོའི་ཆབ་ཤོག་བི་བརྟ་བཅས། བསྐོ་འཇའི་གནང་སྦྱིན་དགུ་ཚན་གསུམ། འདུས་ཚོགས་ལ་མང་ཇ། རྨོར་པ་སྤྱི་སོའི་མང་ཇ་འབུལ་བ། དཔོན་སློབ་དྲུང་ཆེན་རིན་པོ་ཆེའི་བསྐོ་འཇའ་སོགས་ཞག་བཅུ་སྐོར་གྱི་བར་མང་ཇ་འར་མ་འུར་མ་ཚོགས་སུ་འགྲོ་ཉག་ཅིག་བྱེད་དགོས་བྱུང༌། གཟའ་ཚེས་དགེ་བར་ཆོས་རར་འཆད་ཉན་བརྩི་ཤག་ཐོག་མར་བཏང༌། དེ་ལ་