[A:༤༩༩]གཡས་གཡོན་ཡས་མས་ཐམས་ཅད་གྲྭ་ཚང་གདན་འདྲེན་གྱི་བསྙེན་བཀུར་བཞུགས་ལོང་མེད་པ་ལྟ་བུ་བྱུང་བས་འདོད་ཡོན་འདི་ཁམ་ཆེས་པས་སྤྲོ་སག་སག་བྱུང༌། དབྱར་ཆོས་གང་དུ་ཆོས་ར་སྨར་བ་རང་བྱེད་རྒྱུ་མ་བྱུང་བས་ཅུང་ཞིག་བློ་ཁ་ཁེངས་པ་རང་ནི་བྱུང་མ་སོང༌། སྔོན་སྦྱིན་གཏོང་བགྱིས་པའི་འབྲས་བུ་དང༌། །ཡས་མས་ཀྱི་སྦྱིན་བདག་ཞོགས་འཐབས་པས། །འདོད་ཡོན་གྱི་ལོངས་སྤྱོད་འར་མ་འུར། །ལྟོགས་སྙིང་བཅངས་རྣམས་ལ་དེར་རང་མཁོ། །དེ་ནས་གསང་ཕུའི་དབྱར་ཆོས་བཏེག །ངེད་རང་གསང་ཕུའི་གྲྭ་རྒན་དུ་སོང་གཤིས་བླ་གྲྭ་ཐམས་ཅད་འཛོམས་སར་ཞུམ་སྐྲག་མ་དགོས་ཤིང་བཤད་པ་དང་རིག་ལུང་སོགས་ལ་འཚེར་ངད་མ་དགོས་པར་བླ་གསར་འགའ་ཞིག་ལྟར་སྦུགས་འཐུམས་ཀྱི་ར་བར་མ་ཚུད། འོན་ཀྱང་དེ་ལོ་ཟུར་སྤྲུལ་རིན་པོ་ཆེའི་སྐུ་ཚབ་ཏུ་མེ་ཏོག་མཆོད་པའི་རྟ་ཧྲགས་ལ་འགྲོ་དགོས་ཚུལ་རྡོར་བྲག་ནས་བཀའ་ཕེབ་པ་མ་བཟློག་པས་འགྲོ་དགོས་ཤར། ཡོ་བྱད་ནི་བྲེལ་ཕོངས་མེད་པར་གནང་བྱུང་བས་ཕྱིན། བླ་མ་སོ་སོས་ཁྲི་མཐོ་བའི་སྟེང་དུ་རྒྱན་སྤྲོད་གཟབས་འཆོར་དགོས་པ་ལྟར་བསྐོར་ལམ་ཆེན་མོར་ཆིབས་ཧྲགས་གང་གཟབས་བཅས་ཞང་གཡུ་བྲག་པའི་ཆས་སུ་ཞུགས་ནས་ཁྲི་སྟེང་དུ་སྡོད་པ་ལས་ངག་འདོན་གྱི་རིགས་ནི་ཚིག་གཅིག་ཀྱང་མི་དགོས་པས་ལྟད་མོ་ཆེ་ལ་སོ་བསོད་པ་བྱུང༌། སྨྲས་པ། ལར་འཇིག་རྟེན་གྱི་གནས་ཚུལ་འདི་དགོད་རེ་བྲོ། །ཁོང་ཡས་མས་ཀྱི་གྲྭ་ཚང་གཉིས་པོ་ནི། །འཆམས་ཆས་སོགས་ཡོ་བྱད་ལ་བཟང་འགྲན་བྱེད། །སྟངས་སྟབས་དང་རྔ་ཚིག་གི་འུར་སྒྲ་ཆེ། །ཁོང་ཞེན་ཅན་རྣམས་བློ་སེམས་འཚབ་མ་འཚུབ། །འབག་བན་ལིང་ཅན་རྣམས་ནི་ཉམས་རྟོགས་འུར། །འཁུར་གང་ཡང་མེད་ཚོ་ནི་ལྟད་མོ་ཆེ། །