R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༥༤
[A:༤༥༤]ལུང་དུ་མ་བསྟན་པའི་སྤྱོད་པ་ཐམས་ཅད་སྦ་གསང་མེད་པར་ཆོ་ལེ་སྨྲས་གཏོང་བས་དེ་ལ་དགྱེས་པ་ཡོད་ནའང་ལེགས། མི་དགྱེས་པ་ཡོད་ནའང་ལེགས་པས་གསན་པར་ཞུ། དེའང་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རྟོགས་བརྗོད་དུ་སྐུ་ཚེ་མང་པོའི་སྐྱེས་རབས་ཀྱི་ཕྲེང་བ་ཚད་ལས་འདས་པ་འབྱུང་མོད་ཀྱང༌། བླུན་པོ་བདག་གིས་ཁ་སང་གི་བྱ་བྱེད་དེ་རིང་མི་དྲན་པ་འདུག་པས། སྐྱེ་བ་སྔོན་མ་གང་ཡིན་གྱི་ཆ་རྒྱུས་ནི་ཅིར་ཡང་མི་དྲན་པ་གདའ། འོན་ཀྱང་དལ་འབྱོར་གྱི་མིང་ཙམ་ཐོགས་ལུགས་ལ་དཔག་ན་མི་དགེ་བ་རྔམ་པོ་ཆེ་རང་ནི་བྱས་པ་མིན་ཚོད་དུ་འདུག །ཚེ་འདིའི་དབང་དུ་བྱས་ན་བོད་འདིར་ནི་རུས་ཆེ་ཆེ་མོ་དང༌། སྐྱེ་བ་བརྒྱུད་བརྒྱུད་མོ་ཉིད་ཁམ་པོ་ཆེར་བྱེད་པར་སྣང་ཡང༌། རང་གི་ཚུལ་དང་ལྡན་པ་མ་བྱུང་ན་རུས་དང་སྐྱེ་བས་ཕོ་སྐྱེས་པ་རང་འོང་བའི་ངེས་པ་མི་འདུག་ཀྱང༌། རང་གི་ངོས་སྐལ་ནས་རུས་ཆེན་གྱི་གྲལ་དུ་མ་ཚུད་ཀྱང་ངོ་སྦེད་མི་དགོས་ཙམ་གྱི་ཁུངས་གླེང་ན། བདག་གི་ཕའི་རིགས་ནི་སྔོན་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་སྨན་པ་མཁས་པ་མི་དགུར་གྲགས་པའི་ནང་ནས་སྟོད་ན་ཆེར་ཆེ་འུག་པ་བྲང་ཏི་གསུམ་ཞེས་པའི་ནང་ཚན་ཆེར་ཆའི་བརྒྱུད་པ་རིམ་པར་མཆེད་པ་བྱང་བདག་པོའི་སྨན་པ་སྒོག་སྤྲོད་པ་ཞེས་བྱ་བའི་རིགས་ལས་སྨན་པ་ཤིན་ཏུ་མཁས་པ་དྭགས་བརྒྱུད་པའི་བྱ་བྲལ་བའི་ཆ་ལུགས་ཅན་ཞིག་བདེ་ཆེན་ཆོས་འཁོར་དུ་བཞུགས་པ་ནང་དོན་གྱི་རྟོགས་པ་ཤིན་ཏུ་མཐོ་བ་ཡིན་འདུག་ཀྱང༌། སྔོན་གྱི་ལས་འབྲེལ་ཞིག་གིས་འབྲོག་པ་བཀབ་ཚེས་ཀྱི་རིགས་ཀྱི་བུད་མེད་ཞིག་ལ་དབང་གསུམ་པའི་དུས་དགའ་བ་ཉམས་སུ་མྱོང་བ་ལས་བདག་གི་ཕ་རྒན་དེ་བྱུང་བ་ཡིན་འདུག །བདག་གི་མ་ཞང་གི་རིགས་ནི་སྔོན་གྱི་དུས་སུ་དྭངས་མ་འོ་མཚོའི་གླུ་མོ་དང་གནམ་ལྷ་གཉིས་ཁྱེའུ་ཕོ་མོར་བྱས་ཏེ་ཡ་འབྲོག་ན་དམར་གྱི་ཐང་ལ་བབས་པ་འབྲེལ་བ་ལས་སྒོ་