[A:༥༣༣]ཆེན་པོ་མཇལ། དེ་ནུབ་སྒྲགས་མདར་བསྡད། སང་སྔ་བར་བཏེག །ཟུར་མཁར་དུ་དགེ་སློང་ཀུན་དགའ་ཡར་འཕེལ། དྲུང་ཚོ་ཀུན་དགའ་རྒྱལ་མཚན་ལགས། བཀའ་བཅུ་ཀུན་བཟང་དོན་གྲུབ་སོགས་གསོལ་ཇ་དང་བཅས་རྟ་བསུར་ཕེབ། དབུ་རྩེར་དྲུང་འཚོ་ཀུན་རྒྱལ་ལགས་ཀྱི་ཤག་ཏུ་སྡོད་ས་བྱས། ཞག་གཉིས་ཀྱི་བར་ཉེར་བསྡོགས་གྲུབ་པས་ཉེར་དྲུག་གི་གཟའ་ཚེས་དགེ་བའི་སྔ་དྲོ་དབུ་བརྩེའི་བྱ་འདབས་ལྷོ་བླ་བྲང་གི་དཀར་ཕིབས་སུ་ཤིང་མང་དཔོན་སློབ་སངས་རྒྱས་རྒྱལ་མཚན་སོགས་གཉུག་མར་གནས་པ་དྲུག་ཅུ་རྩ་འདྲེན་གྱི་སྟེང་དུ་རྣམ་སེར་སློབ་དཔོན་དཔལ་འབྱོར་རྒྱལ་མཚན་སོགས་ནམ་མཛོད་སྒྲུབ་སྡེ་བ་གསུམ། རྒྱ་མ་སྐུ་སྐྱེ་མཁྱེན་རབ་ཀུན་དགའ་ཕྲིན་ལས་རྒྱ་མཚོ་སོགས་རྒྱ་མ་བ་བཞི། དགེ་སློང་བློ་གསལ་ཕུན་ཚོགས་སོགས་བྱེ་རྫིང་ཚོགས་པ་བརྒྱད། ཤིང་མང་བླ་མ་དམ་ཆོས་ཀུན་བཟང་སོགས་ར་བ་སྨད་པ་བཞི། རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་སོགས་རྒྱལ་གླིང་ཚོགས་པ་བཅས་ཁྱོན་བརྒྱ་ཟིན་ཙམ་ལ་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་བིརྺ་པའི་སྲོལ་ས་སྐྱའི་རྗེ་བཙུན་རྣམས་ཀྱི་ཉིང་ཁུ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་ཁྲིད་ཤིན་ཏུ་སྨིན་པ་ཐད་སོའི་དབང་བྱིན་རླབས་རྗེས་གནང་ལུང་སོགས་ཆ་ཚང་ཟླ་བ་གསུམ་ལ་བཅར་བའི་བར་དུ་རྒྱས་པར་བྱས། གོང་གསལ་སློབ་བུ་རྣམས་ཀྱི་སྟེང་དུ་གྲྭ་བྱམས་པ་གླིང་པ་ལྔ། རྡོ་དགའ་ལྡན་རྣམ་རྒྱལ་བ་གསུམ། རྒྱལ་གླིང་ཚོགས་པ་བརྒྱད་སོགས་ལ་གདུགས་དཀར་ལྷ་བཅུ་བདུན་མའི་དབང་རྡུལ་ཚོན་ལ་བརྟེན་པ་གྲངས་བཅད་དུ་བསྐུར། གཞན་ཡང་རྣམ་སྲས་ཀྱི་རྗེས་གནང་བཅོ་ལྔ། འཇིགས་བྱེད་ཀྱི་དུག་དབང་སོགས་སོ་སོའི་བཞེད་པ་བསྐངས། བེ་ཧར་ལྕོག་ཏུ་ཕྲིན་ལས་ཀྱི་མགོན་པོ་པུུ་ཏྲ་དམར་པོ་མཇལ་