R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༠༤
[A:༡༠༤]ཐང་ཕྱོགས་སུ་ཆིབས་བསྒྱུར་གནང་དགོས་ཚུལ་གསན་པས་རྐྱེན་བྱས་ཏེ། ད་རང་དུས་སྐབས་འདི་འདྲ་ལ་ཤི་བ་དགའ་གསུངས་ནས། སྔར་སྐུའི་རྣམ་པ་གྲུབ་ཆེན་བིརྺ་པ་ལྟ་བུ་འབེར་མོའི་ཚུལ་དུ་ཡོད་པ་ལས། སྐུ་ཤ་རྣམས་ཀྱང་ཉིན་ཁྱད་ཞག་ཁྱད་ལྟ་བུས་སྐམ་ཚུལ་བཞེས་ཏེ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཀྱི་ཐོ་རེངས་ལམ་དུས་རྒྱས་པ་གཅིག་མཐུད། གཉིས་མཐུད་དུ་མཛད་རྗེས་སྐུའི་ནང་ནས་འུར་སྒྲ་དང་བཅས་ཆོས་སྡིངས་རྒོད་ཚང་རི་ཁྲོད་ནས་མཁའ་སྤྱོད་ཆེན་པོར་ཟང་ཐལ་དུ་གཤེགས། ཕྱག་མཛོད་བློ་ལྡན་ནས་སྐུ་གདུང་ཞུགས་འབུལ་སོགས་ལ་སྐྱབས་མགོན་དམ་པ་འདི་ཉིད་གདན་དྲངས་པ་བཞིན་རྒོད་ཚང་རི་ཁྲོད་དུ་ཕེབ་སྟེ། རྡོ་རྗེ་འཆང་དེ་ཉིད་ཀྱི་སྐུ་གདུང་རིན་པོ་ཆེ་ཞུགས་ལ་འབུལ་བ་སོགས་ཞབས་ཏོག་རྣམས་དཔྱིས་ཕྱིན་པར་མཛད། ཆོས་སྡིངས་ཀྱི་གྲྭ་བགྲེས་ཁ་ཤས་ལ་རྒྱལ་ཡུམ་མཁའ་སྤྱོད་དབང་མོའི་བྱིན་རླབས་སོགས་ཆོས་བཀའ་མང་ཙམ་གནང་སྟེ་ཆོས་སྡེར་ཕྱགས་ཕེབ། རྨོར་ཆེན་རྡོ་རྗེ་འཆང་གཤེགས་སྐབས་དབུས་གཙང་བདེ་གཟར་གྱི་མཇུག་དང་གཞི་ནས་བླ་བྲང་དུ་ཕྱག་འབྱོར་ཆུང་བ་སོགས་ཀྱིས་དགོངས་རྫོགས་མཆོད་འབུལ་ཧ་ཅང་གི་རྒྱ་ཆེ་བ་ཞིག་མ་བྱུང་ཡང༌། གཙོ་བོར་སྙན་བརྒྱུད་བསྟན་པའི་མངའ་བདག་ཏུ་བཞུགས་པ་འདི་ཟབ་དགོངས་ཡོངས་སུ་རྫོགས་པའི་མཆོག་དང༌། དེར་མ་ཟད་ཐུགས་དམ་རྒྱུན་འཕར་གྱི་རིགས་ཐམས་ཅད་ཀྱང་རྗེ་དེ་ཉིད་ཀྱི་དགོངས་རྫོགས་ཁོ་ནར་ངེས་ཤིང༌། ཡེངས་མེད་བརྗེད་མེད་བླ་མ་སྤྱི་བོར་བསྒོམ། །ཞེས་པ་ལྟར་དབང་བྱིན་རླབས་རྗེས་གནང་རྣམས་ཀྱི་སོ་སོའི་ཡེ་ཤེས་དབབ་སྔགས་རྫོགས་ནས། རབ་འབྱམས་མདོ་སྔགས་ཀུན་ལ་མཁྱེན་རབ་རྒྱས། །ཞེས་སོགས་