[A:༡༠༥]རྨོར་ཆེན་རྗེའི་གསོལ་འདེབས་ཤ་ལོ་ཀ་གཅིག་གི་མཐར། དྲིན་ཅན་བླ་མའི་ཞབས་ཀྱིས་བྱིན་གྱིས་རློབས། །ཞེས་ཆག་མེད་མཛད་པ་དང༌། དུས་ཕྱིས་ཆོས་སྡེ་རྨོར་དགོན་མ་ལག་གསུམ་དུ་ཟླ་རེར་བླ་མཆོད་ཆག་མེད་དང༌། ཤེའུ་གྲོང་དུ་ཟླ་རེར་མཁའ་སྤྱོད་མའི་སྒྲུབ་མཆོད། བསམ་ཡས་རབ་བྱུང་བར་ཀྱེ་རྡོར་དང༌། འཕགས་སྡེར་མཁའ་སྤྱོད་མའི་སྒྲུབ་མཆོད་རྣམས་འཛུགས་པར་མཛད་པ་སོགས་ལ་རྗེ་དེ་ཉིད་ཐུགས་དགོངས་ཡོངས་སུ་རྫོགས་པར་མངོན་ཏེ། བཀའ་ལས། རྣམ་དཀར་གྱི་བགྱི་བ་མཐའ་དག་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་པ་རྫོགས་ཐབས་ཁོ་ནར་བསྔོས་པས། ནུབ་གཅིག་རྨི་ལམ་དུ། དམ་པ་དེ་ཉིད་འཁྱགས་ཐོག་ཞིག་ལ་ཞབས་འདྲེད་འོང་ལ་ཁད་ལྟ་བུར་ཕེབ་བྱུང་བས་ངེད་ཀྱིས་རྔུལ་གཟན་འཁྱགས་ཐོག་ཏུ་བཏིང་བའི་སྟེང་ལ་གདན་འདྲེན་ཞུས་པས་ཕེབ་བདེ་ཞིང་ཐུགས་མཉེས་པའི་ཚུལ་མཛད་པ་ཞིག་བྱུང་བས། གཉིད་སད་ནས་དགེས་ཚོར་དཔེ་མེད་བྱུང་ཞེས་རྗེ་ངག་ལ་གསུང་འདུག་པ་འདི་ལ་དཔག་ན། ངེས་དོན་དུ་རྨོར་ཆེན་རྗེ་དེ་ཉིད་ལ་སྐྱོན་ཡོན་གྱི་རྟོག་པ་ཅི་ལ་མངའ། དྲང་དོན་ཀུན་རྫོབ་ཙམ་དུ་དུས་གསུམ་དུ་བླ་སློབ་གཉིས་ལྷན་ཅིག་ཏུ་འབྲེལ་ཞིང༌། རྨོར་ཆེན་རྗེ་འོ་བརྒྱལ་གྱི་ཚུལ་བཞེས་ན་དེ་ལ་ངེས་པར་རྗེ་འདི་ཉིད་ཀྱིས་ཞབས་ཏོག་སྲི་ཞུ་ཡང་དག་པར་མཛད་པའི་མཚན་མར་མངོན་ནོ། །དེ་དག་གི་དོན་བསྡུ་ན། སྡོམ་གསུམ་དཔལ་འཛིན་བཟླས་བརྗོད་ཕ་རོལ་སོན། །གནས་བརྟན་མཁས་གྲུབ་མཇལ་ཞིང་ཞལ་བཅུད་གསོལ། །སྐལ་ལྡན་རྗེས་བཟུང་དམ་པའི་དགོངས་པ་བསྒྲུབས། །གནས་གསར་མཁས་བཙུན་བཟང་པོའི་རྣམ་ཐར་ཡིན། །ཞེས་སོ། ། ༈ བཞི་པ་ལ་ཐུན་མོང་བ་སྤྱིར་བསྟན་པ་