R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༠༦
[A:༡༠༦]དང༌། མཆོག་གི་མཛད་པ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། གྲུབ་དབང་སངས་རྒྱས་རྒྱ་མཚོས། མ་འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་ལས། །ཕན་བདེ་དགའི་གྲོང་དུ་འཁྲིད་མཛད་པའི། །སྐྱབས་ལེགས་པའི་འབྱུང་གནས་འགྲོ་བའི་མགོན། །རྗེ་གནས་གསར་ཆོས་རྗེ་ཞེས་གསུངས་པ་ལྟར། དེའང༌། ཞི་བ་ཞེས་པ་ས་བྱ་ལོར་སླར་ཡང་མདོ་ཁམས་ནས་སྡེ་དགེ་ས་སྐྱོང་བསྟན་པ་ཚེ་རིང་གིས། འདི་ཁར་སྒྲུབ་མཆོད་རྒྱས་པ་ཞིག་འཛུགས་རྩིས་ལ་ས་ལུགས་ཀྱི་བླ་མ་དུས་ཀྱི་འཁོར་ལོའི་དབང་ལུང༌། ཆོ་ག་ཕྱག་ལེན། གར་ཐིག་དབྱངས་གསུམ་གྱི་རྒྱུན་ཁུངས་གཙང་ཡོད་ངེས་ཤིག་ཅིས་ཀྱང་དགོས་ཚུལ་རྒྱལ་ཡབ་སྐུ་ཞབས་སུ་ཞུ་བར་མཛད་པ་བཞིན། དེས་ཀྱང་ས་སྐྱོང་མི་དབང་ཆེན་པོར་སྙན་ཞུ་མཛད་པ་དང་ཕྱོགས་མཚུངས་སུ། གྲུབ་དབང་དམ་པ་སངས་རྒྱས་རྒྱ་མཚོའང་ཆེད་གཏད་ཀྱིས་དབུས་སུ་ཕེབ་སྟེ་ནན་ཏན་ཞུ་བར་མཛད་པས་ཧ་ལམ་ཞལ་གྱིས་བཞེས་ཤིང་ཕེབ་ལམ་ལམ་རྒྱུས་པ་ཁམས་པ་ཕྱུག་རྒྱལ་ཟེར་བ་ཞིག་ཀྱང་འཇོག་པར་མཛད། དེ་ལོ་བསམ་ཡས་སུ་ཆོས་སྐྱོང་ཆེན་པོས་རབ་བྱུང་གྲྭ་ཚང་གི་གྲྭ་པ་ལོ་ཉི་ཤུ་ལོན་པ་ཡན་ཆད་བསྙེན་རྫོགས་སྒྲུབ་དགོས་ཚུལ་གྱི་བཀའ་ལུང་སྩལ་བར། གྲ་ཚང་ནས་དབུ་ཚུགས་ནན་ཏན་མཛད་དེ་རབ་བྱུང་གི་གྲྭ་པ་ཤིན་ཏུ་མང་བར་བསྙེན་རྫོགས་མཛད་སྐབས། ཁམས་པ་ཕྱུག་རྒྱལ་སྐུ་མདུན་ན་ཡོད་སྐབས་ཤིག་ལ་གྲོང་ཆེན་བང་ཕྱིན་ལུང་རུ་སྟེང་པའི་གྲྭ་པས་གཙང་དུ་འཕྲལ་ཕེབ་དགོས་ཚུལ་ཞུས་པ་དང༌། ཁམས་པས་ཁམས་ལ་གདན་འདྲེན་ཚུལ་སྨྲས་པས་དེ་གཉིས་སྐུ་མདུན་དུ་རྩོད་པ་ན། གྲོང་ཆེན་བང་ཕྱིན་ལ་ཐུགས་དགྱེས་ཏེ་ཁྱོད་གདན་སར་ཞེན་