[A:༡༠]ཞེས་སོགས་མང་དུ་གསུངས་པ་ལྟར། ཞིང་ཁམས་ལ་ལར་དཀྱིལ་འཁོར་གྱི་འཁོར་ལོའི་སྣང་བརྙན་དང༌། ལ་ལར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་སངས་རྒྱས་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། མཁས་པའི་སྐྱེ་བོ་དང༌། གྲུབ་པའི་གང་ཟག་དང༌། རིག་པ་འཛིན་པའི་ས་ལ་གནས་པ་དང༌། ཨ་བ་དྷཱུ་ཏཱི་པ་དང༌། བྷུ་སུ་ཀུ་པ་དང༌། ཀུ་སཱ་ལི་པ་དང༌། འཁོར་ལོས་སྒྱུར་བ་ལ་སོགས་པའི་རྒྱལ་པོ་དང༌། བློན་པོ་དང༌། བྲམ་ཟེ་དང༌། དགེ་སྦྱོང་དང༌། ཁྱིམ་བདག་དང༌། ཡིད་བཞིན་གྱི་ནོར་བུ་དང༌། གྲུ་གཟིངས་དང༌། ཟམ་པ་དང༌། སྨན་དང༌། ཟས་དང༌། གོས་དང༌། རི་བོ་དང༌། བྱ་དང་རི་དྭགས་ལ་སོགས་པ། མདོར་ན་སྣོད་བཅུད་ཀྱི་རྣམ་པ་ཐམས་ཅད་པ་འདོད་རྒུར་སྒྱུར་བའི་གཟུགས་ཀྱི་རྣམ་རོལ་དུ་མས་འགྲོ་བ་རྣམས་ལ་རང་རང་གི་སྐལ་བ་དང་འཚམས་པའི་སྤྱོད་པ་དང༌། གཏམ་ལ་སོགས་པས་མཚམས་སྦྱར་ཏེ། མཐར་གདོན་མི་ཟ་བར་ཟུང་འཇུག་རྡོ་རྗེ་འཛིན་པ་ཆེན་པོའི་སར་དཀྲི་བར་མཛད་པ་ཁོ་ན་ལས་མི་འདའ་བ་ཉིད་ཡིན་པ་ནི། བདག་ཉིད་ཆེན་པོས། སངས་རྒྱས་རྫུན་པས་བྲིད་ནས་ནི། །བདེན་པ་ཉིད་ལ་སྦྱོར་བར་མཛད། །དེས་ན་བདག་ཅག་སངས་རྒྱས་ལ། །གུས་པའི་རྒྱུ་མཚན་དེ་ལྟར་ཡིན། །ཞེས་པས་སོ། །དེ་ལྟར་མཆོག་གི་རྡོ་རྗེ་སློབ་དཔོན་དག་གི་ཡོན་ཏན་བརྗོད་ཙམ་ཉིད་ལས་གཞལ་བར་དཀའ་བའི་བསོད་ནམས་ཀྱི་ཚོགས་འཐོབ་པར་འགྱུར་བ་དེའི་ཕྱིར་ན་འདྲེན་མཆོག་བླ་མ་ཀུན་གྱི་ངོ་བོ། །གྲུབ་སྩོལ་ཡི་དམ་ཀུན་གྱི་འདུས་སྐུ། སྐྱབས་གནས་དཀོན་མཆོག་གསུམ་གྱི་