R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A):
[A:༩]ཚོན་སྣ་ཚོགས་པ་དང་འཕྲད་ན་དེ་དང་དེའི་ཁ་དོག་མཛེས་པ་འཛིན་པ་ཇི་ལྟ་བ་བཞིན་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་དབང་པོའི་རིམ་པ་དང་མཐུན་པར་སྤྲུལ་པའི་གཟུགས་ཀྱི་རྣམ་རོལ་བགྲང་བར་དཀའ་བ་ཇི་སྙེད་པ་དག་ཏུ་སྟོན་པ་སྟེ། ཇི་སྐད་དུ། མདོ་ལས། རྒྱལ་པོས་འདུལ་བ་ལ་རྒྱལ་པོ། དགེ་སྦྱོང་གིས་འདུལ་བ་ལ་དགེ་སྦྱོང༌། བྲམ་ཟེས་འདུལ་བ་ལ་བྲམ་ཟེ། དྲི་ཟས་འདུལ་བ་ལ་དྲི་ཟ་རྒན་པོའི་གཟུགས་སུ་སྤྲུལ་ཏོ། །ཞེས་པ་དང༌། སངས་རྒྱས་མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་ཁྲོ། །རེས་འགའ་བགེགས་ཆེན་དོན་མཛད་ཅིང༌། །སྐྱེ་དང་རི་བོ་ཐམས་ཅད་དོ། །ཞེས་དང༌། རྡོ་རྗེ་གུར་ལས། གང་དུ་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །སེང་གེར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །ཆང་འཚོང་མ་དང་སྨད་འཚོང་མར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །ཞེས་དང༌། ཡེ་ཤེས་ཐིག་ལེ་ལས། ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་དང་ལ་ལ་རུ་ནི་འཛིན། །ཞེས་དང༌། ཟླ་གསང་ཐིག་ལེ་ལས། ང་ཡང་འདོད་དང་གཟུགས་མཆོག་ཏུ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །ངས་ཀྱང་ཆོས་ཀྱི་སྐུ་མཆོག་ཏུ། །སངས་རྒྱས་ཐམས་ཅད་བྱིན་གྱིས་བརླབས། །ཞེས་དང༌། སམྦུ་ཊི་ལས། ཁ་ཅིག་ཏུ་ནི་བྱང་ཆུབ་ཆེན་པོའི་ལམ། །ཁ་ཅིག་ཏུ་ནི་བྱང་ཆུབ་སྤྱོད་རྗེས་འབྲང༌། །ཁ་ཅིག་ཏུ་ནི་བྱང་ཆུབ་མངོན་བྱང་ཆུབ། །ཅེས་དང༌། བརྟག་གཉིས་ལས། །འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །