R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༡༨
[A:༡༡༨]པའི་ཟླ་ཚེས་ཁོ་ནར་འདུག་ཅེས་གསུང་ལས་ཐོས་པ་ཡལ་ཡོལ་ཙམ་ལས་ཡེ་ཤེས་ཀྱི་གཟིགས་པར་ཆགས་ཐོགས་མེད་པའི་བརྡར་མངོན། ཆོས་ཀྱི་རྒྱལ་པོ་བསྟན་པ་ཚེ་རིང་དེ་ནི་དེང་སང་གི་དཔོན་སྐྱ་འགའ་ཞིག་ལྟར་བླ་མ་དང་ཟབ་ཆོས་ཁྱད་དུ་བསད་པའི་སྙན་བརྒྱུད་ཟབ་མོའི་ཆོས་ལ་འཕྲོག་ཐབས་ཀྱི་རྣམ་པ་ཡེ་མི་མཛད་པར་ཡུན་རིང་པོ་ནས་གསོལ་བ་འདེབས་པ་དང༌། བླ་མས་ཞལ་གྱིས་བཞེས་ནས་ཀྱང་དགོངས་པ་དང་སྦྱར་བའི་ཚུལ་དུ་ཞུ་བ་དང༌། ཕྱག་རྟེན་གྱི་དངོས་པོ་ཚུན་ཀྱང་མཆོག་གི་དངོས་གྲུབ་སྒྲུབ་བྱེད་དང༌། གསེར་ཆོས་ཀྱི་རིགས་ལ་དངོས་པོ་གསེར་གྱི་མཚོན་པའི་རིན་ཐང་ཅན་དང༌། ཐུན་མོང་གི་རིགས་ལ་ལས་བཞིའི་དགོངས་པ་དང་མཐུན་པའི་ཁ་དོག་དང་དབྱིབས་ཅན་གྱི་དངོས་པོ་འབུལ་བར་མཛད་པ་སོགས་རྟེན་འབྲེལ་གྱི་གནད་མཁྱེན་ཅིང་རྣམ་དབྱེ་ཕྱེད་པས་སྟོན་པ་དང་བསྟན་པ་ལ་ཐུགས་གཏིང་ནས་དད་པས་གནས་སྐབས་དང་མཐར་ཐུག་གི་རྟེན་འབྲེལ་ལ་རས་ཆོད་མི་མཛད་པའི་ཆོས་ཀྱི་རྒྱལ་པོ་མཚན་དང་དོན་དུ་མཐུན་པ་ཞིག་ཡོད་ཅེས་གསུངས་སོ། །སྡེ་དགེ་ཆོས་ཀྱི་རྒྱལ་པོ་དེའང་ལུགས་གཉིས་གང་ལའང་ཐུགས་མཁྱེན་དཔྱོད་མཆོག་ཏུ་ཡངས་པར་མ་ཟད། འཁྲུལ་བྲལ་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་ལ་སྟོན་དང་བསྟན་པ་གཞན་ནས་མི་འཚོལ་བའི་ཡིད་ཆེས་དང༌། ལྷག་པར་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་གསང་ཆེན་ཁའུ་བྲག་རྫོང་པའི་ཟབ་ཆོས་སྤྱི་དང༌། ཁྱད་པར་ཆོས་སྐྱོང་ཆེ་ཆུང་གི་སྐོར་སོགས་དབང་ལུང་མན་ངག་དང་བཅས་པ་རང་གཞན་གྱི་གྲུབ་མཐའ་སྤྱི་དང༌། བྱེ་བྲག་བླ་ཆེན་དྲེགས་ལྡན་དག་གིས་སྤྱོད་ཡུལ་དུ་མ་གྱུར་པའི་ཟབ་མོ་སྙན་བརྒྱུད་ཀྱི་སྐོར་ལ་གཞན་