R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༤
[A:༡༤]གཙང་མར་མཁས་གྲུབ་མང་པོའི་སྐུའི་སྣང་བརྙན་ཇི་ལྟར་ཤར་བའི་ཚུལ་དང༌། དུས་འདིར་གངས་རིའི་ལྗོངས་སུ་གདུལ་བྱར་གྱུར་པའི་གང་ཟག་རྣམས་ལ་ཇི་ལྟར་སྣང་བ་དག་ལས་བརྩམས་ཏེ་ཅུང་ཟད་ཙམ་གླེང་བར་བྱ་བའང་དོན་ཆེན་པོ་དང་ལྡན་པར་ཤེས་པར་བྱའོ། །གཉིས་པ་རྒྱུ་མཚན་ཅན་གྱི་དམ་པའི་རྟོགས་བརྗོད་དངོས་ལ་འཇུག་པ་ལ་དོན་གསུམ་སྟེ། སྐུ་ཕྲེང་སྔ་མའི་ཁུངས་དང་སྦྱར་ཏེ་རིགས་ཁྱད་པར་ཅན་དུ་ཇི་ལྟར་འཁྲུངས་པའི་ཚུལ། སྐུའི་སྣང་བ་འདི་ཉིད་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་མཛད་པའི་ཚུལ། མཐར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཅིང༌། དགོངས་རྫོགས་ཀྱི་རིམ་པ་དང་ཕྲིན་ལས་ཀྱི་རྒྱུན་ཇི་ལྟར་སྤེལ་བའི་ཚུལ་ལོ། །དང་པོ་ནི། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་དཔོག་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་དང༌། འཇམ་མགོན་ས་སྐྱ་པཎྜི་ཏས། །དུ་བས་མེ་བཞིན་རྣམ་ཐར་ལས། །ནང་གི་ཡོན་ཏན་ལེགས་བརྟགས་ཏེ། །ཞེས་གསུངས་པ་ལྟར། མཁྱེན་བརྩེ་ནུས་གསུམ་མཛད་པ་ཕྲིན་ལས་འདི་ལྟ་བུ་ལ། དཔག་ན་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཞལ་གཟིགས་ལུང་བསྟན་མཛད་པས་ཐུགས་དམ་གྱི་ཉམས་རྟོགས་གོང་དུ་འཕེལ་བས་རྟོགས་པའི་མྱུ་གུ་འཁྲུངས་ཚུལ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བ་གོར་མ་ཆག་མོད། སྐྱབས་མགོན་དམ་པ་འདི་ཉིད་ནི་ཇོ་བོ་བཀའ་གདམས་པ་ཡབ་སྲས་ཀྱི་རྣམ་པར་ཐར་པ་ཁོ་ནར་ལྷུར་བཞེས་ཏེ་ཡོངས་སུ་སྦ་བར་མཛད་པས་འབྲི་བའི་རྔོ་མ་ཐོགས་ཤིང༌། འོན་ཀྱང་