R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༣༣
[A:༢༣༣]སོགས་བསྙེན་རྫོགས་རབ་བྱུང་མང་དུ་མཛད། ཆོས་རྗེ་ལ་མཚན་མཁྱེན་རབ་ངག་དབང་བློ་གསལ་ཕུན་ཚོགས་སུ་འདོགས་པར་མཛད། དེར་ཡང་མཁའ་སྤྱོད་མའི་བྱིན་རླབས་དང༌། ལམ་འབྲས་ཐོབ་པ་རྣམས་ལ་ལམ་དབང་སོགས་ཆོས་བཀའ་མང་བ་དང༌། བཙུན་ཆུང་ཆུང་ངུ་རྣམས་ལའང་རབ་བྱུང་དང༌། ལུས་བསྒྱུར་མ་ཚར་བ་རྣམས་ལའང་སྐྱབས་སྡོམ་ཚུན་ཐུགས་ཁུར་ཆེན་པོས་མཛད་པ་སོགས་ལུགས་གཉིས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཅི་དགར་ཚིམ་པར་མཛད། ཟླ་བ་ལྔ་པའི་མགོན་པོ་སྒྲུབ་མཆོད་དུ་བཞུགས་པར་ཞུས་ཀྱང་ཞལ་གྱིས་མ་བཞེས་པར་ཉེར་གསུམ་ལ་འཕགས་སྡེ་ནས་ཆིབས་བསྐྱོད། རིམ་བཞིན་བསམ་གཏན་ཆོས་གླིང་དང་ཤེའུ་གྲོང་རྣམས་སུ་ཆིབས་བསྒྱུར། ཤེའུ་གྲོང་དུའང་དགེ་འདུན་རྣམས་ལ་ཚེ་དབང་སོགས་སྩལ་ཏེ་ཞག་ཁ་ཡར་བཞུགས་དགོས་ཚུལ་གྱི་གསོལ་འདེབས་ནན་ཏན་ཞུས་རུང་ཞལ་གྱིས་མ་བཞེས་བར་བཞུགས་ཞག་གསུམ་མཛད་ནས་རྨོར་དགོན་དུ་ཕེབ་སྟེ་ཕྱོགས་ནས་ཆེད་གཏད་འབྱོར་པ་འགའ་ཞིག་ལ་གསུང་ཆོས་ཅི་རིགས་སྩལ། དེའང་སྔ་ལོ་རྣམས་ནས་ལྷ་ལྡན་དུ་བཞུགས་རིང་གི་བསྔོ་རྟེན་གྱི་གོས་ཟན་སོགས་ཕལ་ཆེ་བ་འཕགས་སྡེ། ཤེའུ་གྲོང་རྨོར་དགོན་མ་ལག་བཅས་ལ་སོ་སོར་ཉིན་བཞི་ལྔ་ལ་ཉུང་མཐའ་བྱས་པའི་ཞབས་བརྟན་དུ་ཆེད་དམིགས་ཀྱི་སྒྲོལ་མ་འདོན་པའི་ཡོན་དུ་འགྲོ་བར་གནང་གིན་ཡོད་པ་ལྟར། འདི་ལོའང་དགོན་སོ་སོར་ཉིན་བཞི་ལྔ་ཙམ་རེའི་སྒྲོལ་འདོན་གྱི་མང་ཇ་བཞེས་ཐུག་དང༌། གསོལ་བ་ཡོན་སོགས་གཟབས་རྒྱས་དང༌། རྨོར་དགོན་དུའང་སྒྲུབ་མཆོད་འཛུགས་པ་དང་རྨོར་ཆེན་རྡོ་རྗེ་འཆང་གི་སྐུ་མཆོད་ཐོག་