[A:༢༣༤]མང་འགྱེད། འདྲ་སྐུ་རིན་པོ་ཆེ་སོགས་ལ་གསེར་ཆབ། སྙན་ཤལ། དཀར་མེ་རྒྱུན་འཛུགས་སོགས་ཀྱང་སྔར་རྒྱུན་བཞིན་མཛད་དོ། །དེ་དག་གི་དོན་བསྡུ་ན། སྤྱི་བྱེའི་བསྟན་འགྲོའི་དོན་སླད་དབུས་ལྗོངས་ཁག །ཡང་ཡང་གཤེགས་ཤིང་ཟབ་དོན་གསན་སྤེལ་དང༌། །བསྡུ་དངོས་ཕྱིན་དྲུག་གང་འདུལ་དེར་སྟོན་མཛད། །གནས་གསར་འཇམ་མགོན་ངོ་མཚར་རབ་འབྱམས་ཡིན། །ཞེས་སོ།། ༈ གཉིས་པ་མཆོག་གི་མཛད་པ་བྱེད་བྲག་ཏུ་བཤད་པ་ལ། རང་དོན་ཐོས་བསམ་བསྒོམས་པས་ཐུགས་རྒྱུད་ཇི་ལྟར་སྦྱངས་ཚུལ་དང༌། གཞན་དོན་འཆད་རྩོད་རྩོམ་པས་ཐུབ་བསྟན་ཇི་ལྟར་སྤེལ་བའི་ཚུལ་གཉིས། དང་པོ་ལ་ཟབ་མོའི་ཉམས་བཞེས་ཇི་ལྟར་མཛད་པའི་ཚུལ་དང༌། དེ་ལ་བརྟེན་ནས་གྲུབ་པའི་མཚན་མ་ཇི་ལྟར་བརྙེས་པའི་ཚུལ་གཉིས་ལས། དང་པོ་ནི། མཁས་མཆོག་དབྱིག་གཉེན་ཞབས་ཀྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང༌། མགོན་པོ་བྱམས་པས། གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་བསྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །ཞེས་དང༌། འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཆེན་པོས། མཁས་པ་རྣམས་ཀྱིས་ལེགས་བཤད་རྣམས། །ཤིན་ཏུ་ལེགས་པར་གོ་བཞིན་དུ། །དེ་དོན་ཉམས་སུ་མི་ལེན་ན། །བསྟན་བཅོས་ཤེས་ཀྱང་ཅི་ཞིག་བྱ། །ཞེས་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པ་དག་གིས་ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་གྱི་ཚུལ་དུ་ཐོས་དོན་ཉམས་སུ་བསྟར་དགོས་པར་གསུང་ཞིང༌། དེའི་ཚུལ་ཡང་སེམས་དཔའ་ཆེན་པོས། ཉམས་སུ་ལེན་པའི་ཆོས་