R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༣༩
[A:༢༣༩]གྲུབ་མཐའ་སྣ་ཚོགས་སྐོར་གསན་པའི་བླ་མ་བཅུ་བཞི་བཅས་སྡོམ་བདུན་ཅུ་དོན་གཉིས། གཞན་ཡང་ཆོ་ག་ཕྱག་ལེན་དོགས་གཅོད་མཛད་པ། རིག་གནས་སྐོར་གསན་བ་དང་དོགས་གཅོད་མཛད་པ་སོགས། མདོར་ན་མཁས་གྲུབ་ཀྱི་ཡོངས་འཛིན་བསྟེན་པའི་རྣམ་ཐར་ཀྱང་ཚོང་དཔོན་གྱི་བུ་ཁྱེའུ་ནོར་བཟང་དང༌། མཁས་གྲུབ་ཁྱུང་པོ། རྗེ་བཙུན་རྡོ་རིང་པ་སོགས་ཀྱི་རྟོགས་བརྗོད་ལས་འབྱུང་བ་ཁོ་ན་ལྟར་རོ། །དེ་དག་གི་ཞལ་གྱི་བུམ་བཟང་ལས་གདམས་པའི་བཅུད་ངོམས་པར་གསོལ་བ། ཡང་གོང་གི་དེ་ཉིད་ལས། སོ་ཐར་བྱང་སེམས་རིག་འཛིན་གསང་སྔགས་ཀྱི། །སྨིན་གྲོལ་ཟབ་དང་རྒྱ་ཆེའི་ཆུ་འཛིན་དབང༌། །གཅིག་འདུས་སྒྲ་བརྒྱ་སྒྲོགས་པ་ལས་ཐོན་པའི། །མཐུ་སྟོབས་དྲག་པོའི་རྩལ་འཆང་ཁྱེད་ལ་འདུད། །ཅེས་གསུངས་པ་ལྟར། དེ་དག་ཉམས་བཞེས་ཀྱི་ཕྲེང་བ་བསྟར་བར་མཛད་པའི་ཚུལ་ཡང༌། སངས་རྒྱས་ཀྱི་བསྟན་པའི་ཉམས་ལེན་ཐམས་ཅད་བསྡུ་ན་སྡོམ་པ་གསུམ་གྱི་ཉམས་ལེན་དུ་འདུ་ཞིང༌། དེའང་བླ་མ་མཚན་ཉིད་དང་ལྡན་པ་རྣམས་ནས། ཐེག་པ་ཆེན་པོ་ལུགས་གཉིས་ཀྱི་ཆོ་ག་དང༌། གསང་ཆེན་བླ་ན་མེད་པ་གཙོ་བོར་གྱུར་པའི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཆོ་ག་རྣམ་པར་དག་པ་ལས་ནོད་པར་མཛད་པ་ལས། སོ་སོའི་རྩ་བ་དང་ཡན་ལག་གི་བསླབ་བྱ་ཕྲ་ཞིང་ཕྲ་བ་ཚུན་ཆད་ཚུལ་བཞིན་དུ་བསྲུང་སྡོམ་མཛད་པ་ལ་གུས་སྦྱོར་ཤིན་ཏུ་ཆེ་བའི་སྟོབས་ཀྱིས་ཡུལ་དུས་གནས་སྐབས་ཐམས་ཅད་དུ་བསྟན་པའི་མིག་རྒྱན་ལ་ཕན་པའི་ཀུན་སྤྱོད་ཁོ་ན་མཛད་པའི་སྒོ་ནས་བསྐྱེད་རྫོགས་ཟུང་འཇུག་གི་ཏིང་ངེ་འཛིན་ལས་ནམ་ཡང་གཡོ་བ་མེད་བཞིན་དུ། རྨོར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་ལས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་