[A:༢༤༠]ཆོས་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ལུས་པ་མེད་པ་ལྟ་བུར་གསན་པ་དེ་དག་ཐོས་བློ་ཙམ་མ་ཡིན་པར། བསམ་བྱུང་གི་རིག་པས་ཚུལ་བཞིན་དུ་དཔྱོད་དེ་དཀའ་བའི་གནས་ཕྲ་མོ་ཚུན་ཆོད་ལ་སྒྲོ་འདོགས་ཆོད་པར་མཛད་པས་འཆད་སྒོ་གང་མཛད་ཀྱང་ཐོགས་མེད་ཀྱི་སྤོབས་པ་མཆོག་ཏུ་གྱུར་ཅིང༌། རྡོ་རྗེ་ཐེག་པ་གཙོ་བོར་གྱུར་པའི་ལམ་དྲི་མ་མེད་པ་རྣམས་རྒྱུན་གྱི་ཉམས་བཞེས་ཁྲིགས་ཆགས་སུ་མཛད་པ་དང༌། ཆོས་མཐུན་གྱི་མཛད་སྤྱོད་གཞན་ཡང་ཇི་ལྟར་མཛད་པའི་ཚུལ་འདིར་མཚོན་པ་ཙམ་ཞིག་བརྗོད་ན། ཐོག་མར་ཐོ་རངས་ཉམས་བཞེས་ཀྱི་གཙོ་བོ་ལྷག་པའི་ལྷ་གང་ཡིན་དེའི་ལྡང་བའི་རྣལ་འབྱོར་གྱིས་བཞེངས་ནས། ཚེ་སྒྲུབ་ཟབ་མོའི་རིམ་པ་དང༌། གསུང་གཏོར། རྗེ་བཙུན་ས་སྐྱ་པའི་ཐུགས་དམ་ཆག་མེད་བཞི། གུར་ཞལ་དམར་པོ་སྐོར་གསུམ་སོགས་གསང་སྔགས་གསར་རྙིང་དང་འབྲེལ་བའི་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་མ་ཞིག་གི་ཉམས་བཞེས་དང༌། ལྷ་བསང༌། གཏོར་བསྔོ། བསྐང་བ་སོགས་བསྟན་འགྲོའི་ཆེད་ལུགས་ཟུང་དང་འབྲེལ་བའི་མཛད་ཕྲིན་ཐུགས་གཡེང་ཆུང་སྐབས་ཉིན་མཚན་འཁྱོངས་པ་ལྟ་བུར་མཛད་ཀྱང་རྐང་གྲངས་ཇི་ལྟ་བ་བཞིན་དངོས་སུ་གསུངས་པ་དང༌། ཟིན་ཐོར་ཐེབས་པ་མི་སྣང༌། དཔེར་མཚོན་ན་ཁོ་བོས་ཕྱག་རྡོར་ཨུཙཱརྻ་སོགས་ཀྱི་སྔགས་ལ་ཞུ་དག་ཞུས་པར། འདི་སོགས་ལས་སྒྲུབ་ཀྱི་སྔགས་དུ་མ་ཞིག་རྒྱུན་པར་བཟླས་བརྗོད་བྱེད་པ་ཡིན་གསུང་བ་ལ་དཔག་ན་བསྒོམ་བཟླས་ཀྱི་རིམ་པ་དུ་མ་ཐུགས་ཉམས་སུ་བཞེས་ཚོད་དུ་འདུག་ཅིང༌། དེ་དག་ཀྱང་མིང་རྐྱང་ཙམ་མ་ཡིན་པར་ཐུགས་དམ་གཞིའི་བསྙེན་པ་དང༌། རྒྱུན་བསྙེན་སོགས། མདོར་ན་བསྙེན་སྒྲུབ་ལས་གསུམ་གྱི་རིགས་ཕལ་ཆེར་སླ་