[A:༢༥༢]མཐུན་རྐྱེན་སྒྲུབ་པ་སོགས་ངོ་མཚར་ཞིང་རྨད་དུ་བྱུང་བའི་རྣམ་པར་ཐར་པ་དུ་མ་སྣང་ངོ༌། །དེ་དག་གི་དོན་བསྡུ་ན། ཐོས་བསམ་སྒོམ་གསུམ་མཐར་ཕྱིན་བསྟན་པའི་བདག །བྱམས་དང་ཐུགས་རྗེའི་གཏེར་ཆེན་སེམས་དཔའ་ཆེ། །ཉམས་དང་རྟོགས་པའི་རྩེར་སོན་གྲུབ་པའི་དབང༌། །གནས་གསར་འཇམ་མགོན་བསྟན་པའི་མཛད་པ་ཡིན། །ཞེས་སོ། །གཉིས་པ་གཞན་དོན་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཐུབ་བསྟན་ཇི་ལྟར་སྤེལ་བའི་ཚུལ་ནི། གྲུབ་དབང་སངས་རྒྱས་རྒྱ་མཚོས་མཛད་པའི་གསོལ་འདེབས་ལས། འཆད་བློ་གསལ་མཁས་ཀུན་ཡིད་རབ་འཕྲོག །གསུང་དགོངས་འགྲེལ་འབེལ་མཆིད་དགའ་བ་སྐྱེད། །རྩོམ་ལེགས་པའི་དགོས་དོན་འབྱུང་བའི་གནས། །རྗེ་གནས་གསར་ཆོས་རྗེ། །ཞེས་པ་ལྟར། བདག་ཅག་རྣམས་ཀྱི་མཚུངས་པ་མེད་པའི་སྐྱབས་མགོན་དམ་པ་འདི་ཉིད་ཀྱིས་བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་རབ་ཀྱི་ཕ་མཐར་སོན་ཏེ། མཁས་བཙུན་བཟང་གསུམ་དང་མཁྱེན་རྩེ་ནུས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་རང་དབང་འབྱོར་པས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་རྒྱས་པར་མཛད་པ་སྟེ། དེའང་འཆད་པ་ཉི་མའི་འོད་ཟེར་གྱིས་བློ་གསལ་བློ་གྲོས་ཀྱི་པད་ཚལ་རྒྱས་པར་མཛད་པའི་ཚུལ་ནི། བདག་ཉིད་ཆེན་པོ་འདིས་ཡོངས་འཛིན་དུ་མའི་ཞལ་བུམ་ལས་འོངས་པའི་ཆོས་ཚུལ་ཟབ་མོའི་བདུད་རྩི་རྣམས་བརྩོན་པ་གཉིས་ཀྱི་སྙིམ་པས་ཡང་ཡང་གསོལ་ཞིང་བློ་གྲོས་རོ་འཛིན་གྱིས་དགེས་པར་མྱངས་པས་ལུང་རྟོགས་ཡོན་ཏན་གྱི་བཅུད་ཀྱིས་རྡོ་རྗེ་གསུམ་གྱི་སྐུ་བརྟས་པར་གྱུར་ཏེ། མདོ་སྔགས་གཉིས་ཀྱིས་བསྡུས་པའི་ལམ་སྲོལ་