R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༥༣
[A:༢༥༣]ཡོངས་སུ་རྫོགས་པ་དུ་མ་ཞིག་བརྒྱུད་པའི་ཕྲེང་བ་ཟམ་མ་ཆད་པ་ལས་འོངས་པ། འཁྲུལ་པའི་དྲི་མ་བྲལ་བ་རྗེ་བཙུན་ས་སྐྱ་པའི་གོང་མ་ལྔ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དུ་མས་ཐུགས་ཉམས་སུ་བསྟར་ཞིང༌། འཆད་ཉན་གྱི་གཏན་ལ་ཕབ་པའི་རྒྱུན་དྲི་མ་མེད་པའི་དབང་བཀའ། བཤད་བཀའ། ལུང་བཀའ། ཁྲིད་བཀའ། མན་ངག་གི་བཀའ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་ཚུལ་མཐའ་ཡས་པས་ཕྱོགས་དང་རིས་སུ་མ་བཅད་པའི་སྣོད་ལྡན་གྱི་གདུལ་བྱ་བློ་གསལ་ཞིང་དོན་དུ་གཉེར་བའི་དད་འདུན་ཅན་གཞལ་དུ་མེད་པ་མཆོག་དམན་འབྲིང་གསུམ་སོ་སོའི་ཁམས་དང༌། མོས་པ་དང༌། བག་ལ་ཉལ་མཁྱེན་པའི་སྒོ་ནས་སྨིན་ཅིང་གྲོལ་བའི་ལམ་ལ་འགོད་པར་མཛད་པའང༌། གོང་དུ་རིམ་པ་ལྟར་བཤད་པ་དེ་རྣམས་ཡིན་ལ། དེ་ལྟ་བུའི་ཆོས་ཚུལ་དེ་དག་གང་འཆད་ཀྱང༌། ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ཅིང༌། བསྒོམ་པས་ཐུགས་ཉམས་སུ་མྱོང་བའི་སྒོ་ནས་སྩོལ་བ་ཁོ་ན་དང༌། འཆད་ཚུལ་ཡང༌། བློ་ཆེན་རྣམས་ལ་ཟབ་རྒྱ་ཆེ། །བློ་ཆུང་བཟུང་བདེ་གོ་སླ་བ། །དེ་ལས་ལྡོག་ན་མཁས་རྨོངས་ཀྱི། །སློབ་མ་དགའ་བ་སྐྱེད་མི་ནུས། །ཞེས་གསུངས་པ་ལྟར། མདོ་སྔགས་གང་འཆད་ཀྱང་གདུལ་བྱ་རང་རང་གི་ཁམས་དང༌། བསམ་པ་དང༌། བག་ལ་ཉལ་གྱི་རིམ་པ་དང་མཐུན་པར་སྟོན་པར་མཛད་ཅིང༌། ཁྱད་པར་གསང་སྔགས་ཟབ་མོའི་ཆོས་ཚུལ་རྣམས་ནི། ཉམས་སུ་བླང་བའི་མཐའ། ཉམས་སུ་མྱོང་བའི་མཐའ། བྱིན་གྱིས་བརླབ་པའི་མཐའ། གྲུབ་པའི་མཐའ་སྟེ། མཐའ་བཞིའི་བདག་ཉིད་ཅན་དང༌། དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་