R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༥༤
[A:༢༥༤]ངག་གི་སརྒ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམ་པ་སྟེ་སྙན་བརྒྱུད་བཞི་སོགས་ཀྱི་སྒོ་ནས་གོ་རིམ་མ་འཆོལ་བར་དཀྲི་བར་མཛད་ལ། ཐུགས་ཀྱི་ལྷག་བསམ་ཀྱང༌། དབྱིག་གཉེན་གྱིས། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཇི་བཞིན་ཡང་དག་སྟོན། །ཞེས་དང༌། བསླབ་བཏུས་ལས། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་གསུངས་པ་ལྟར་རྙེད་པ་དང་གྲགས་པ་བསྒྲུབ་པའི་ཀུན་སློང་རྣམས་རྒྱང་རིང་དུ་སྤངས་ཏེ་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་ལ་དགོངས་ནས། སྐུ་ངལ་དུབ་ཀྱི་ཚོགས་ཁྱད་དུ་གསོད་པ་མཛད་པ་ནི་སྐུ་འཁོར་བ་སོགས་མཚན་དཔེའི་སྣང་བ་མངོན་དུ་གྱུར་པའི་སྐྱེ་བོ་ཀུན་གྱིས་ཤེས་པ་ལྟར་རོ། །དེ་མཐུན་གསང་སྔགས་ཀྱི་ཟབ་ཆོས་བཀའ་ནུབ་པ་རྣམས་ལ་ཐུགས་ཀྱི་ཕོངས་སེམས་ཆེན་པོ་དང༌། ཆད་དུ་ཉེ་བ་དག་ཀྱང་རྒྱུན་ཆད་དོགས་མི་བཟོད་པ་ལྟ་བུ་མཛད་ཅིང༌། ཞལ་ནས་ཀྱང་ཆོས་འདི་དང་འདིའི་བཀའ་ནུབ་པ་དེ་ཕོངས་པོ་རང་ཡིན་འདུག །ད་དུང་དབང་དང་རྒྱུད་བཤད་སོགས་རྒྱ་ཆེ་བའི་རིགས་རྣམས་རྒྱུན་མ་ཉམས་ཙམ་བྱུང་ན་སྙམ་སྤེལ་གང་ཐུབ་བྱེད་བསམས་ཀྱང༌། དུས་དབང་གིས་རྒྱུན་རིང་མ་བྱུང་དོགས་པ་ཀ་འོང་གིན་སྣང་བཅས་ཡང་ཡང་གསུང་བ་ཐོས་ལ། དེ་ལྟར་མདོ་རྒྱུད་མན་ངག་དང་བཅས་པའི་ཟབ་ཆོས་གང་འཆད་ཀྱང་སླ་བཅོས་དང༌། མི་འོས་པའི་རིས་འགྲེ། རུང་མཐུན་དང༌། རང་བཟོ་སོགས་ཀྱི་དྲི་མ་མཐའ་དག་དང་བྲལ་བ། རང་རང་ལ་སྐབས་སུ་བབས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པ་སྦྱར་འོས་པ་རྣམས་མ་ལུས་ཤིང༌། མི་འོས་པ་ཅུང་ཟད་ཀྱང་མ་ལྷག་པར་ཆོས་དེ་དང་དེའི་བརྒྱུད་པའི་རྩ་བ་ནི་འདི་ནས་བརྒྱུད། རྟེན་གཞི་རྒྱུད་