[A:༢༥༨]དུ་སྟོན་ནུས་པའི་སྤོབས་པ་དགེ་བ་སོགས་གཞན་དོན་འབད་མེད་དུ་འབྱུང་བའི་འདོད་འཇོར་ཡང་བཤད་ཅིང༌། ཡང་སྡོམ་གསུམ་རབ་དབྱེ་ལས། མཁས་རྣམས་དགའ་བའི་སྡེབ་སྦྱོར་ནི། །བླུན་པོ་རྣམས་ཀྱིས་གོ་དཀའ་བས། །ཚིགས་གི་སྦྱོར་བ་སྤངས་ནས་ཀྱང༌། །ཀུན་གྱིས་གོ་བར་བྱ་ཕྱིར་བཤད། །ཅེས་གསུངས་པ་ལྟར། སྒྲ་དང༌། སྡེབ་སྦྱོར་དང༌། སྙན་ངག་དང༌། མིང་གི་མངོན་བརྗོད། ཚིག་གི་རྒྱན་ལ་སོགས་པ་རྣམས་ནི་རིག་པའི་གནས་ལྔ་ལ་མཁས་པའི་སྐྱེ་བོ་དག་གི་འཇུག་ངོགས་ཡིན་ཀྱང༌། དེ་ལས་གཞན་དོན་གཉེར་བློ་དམན་པ་དག་ལ་ཕན་པའི་རྔོ་མི་ཐོགས་པས་མཁས་བླུན་ཐུན་མོང་བའི་བློ་གྲོས་ཀྱིས་དཔྱད་བྱར་འོས་པའི་ཆོས་ནི་སྙིགས་མའི་དུས་འདིར་ཕན་ཡོན་གྱི་སྒོ་ནས་གཞན་ལས་ཁྱད་པར་དུ་འཕགས་པར་འཁུམས་ལ། དེ་ལྟར་ན་བསྟན་པ་རིན་པོ་ཆེ་རྒྱུན་རིང་དུ་ཆགས་པའི་སླད་དང༌། དོན་གཉེར་ཡོངས་ལ་ཕན་པའི་ཐུགས་བསྐྱེད་ཟླ་མེད་པས་ཉེ་བར་དྲངས་ཏེ་ལེགས་པར་གསུངས་པའི་བསྟན་བཅོས་ཚིག་དོན་འབྲེལ་ཆགས་ཤིང་ཀུན་གྱི་བློ་ཡུལ་དུ་འཇེབས་པར་འཆར་བའི་རྩོམ་པ་ནི་ཐུབ་པའི་བསྟན་པ་འཛིན་པའི་རྒྱུ་ཚོགས་བླ་ན་མེད་པ་སྟེ། དེ་ལྟ་བུས་ཕན་འབྲས་ཕུལ་དུ་བྱུང་བ་ཐམས་ཅད་ཀྱང་བདག་ཅག་གི་རྣམ་འདྲེན་དམ་པ་འདིའི་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང༌། དྲི་མ་མེད་པའི་མཁྱེན་རབ་ཟུང་འཇུག་གི་ཆུ་གཏེར་ཆེན་པོས་ཉེ་བར་བསྐྲུན་པའི་ལེགས་བཤད་ཕན་བདེ་པདྨོའི་གཉེན་དུ་གྱུར་པ་འདི་དག་ལ་གནས་པ་གཞིར་བཅས་ཀྱང༌། སྔོན་གྱི་ཡི་གེ་རྙིང་པ་རྣམས་འཕེལ་རྒྱས་ལ་དགོངས། གསུང་རྩོམ་གྱི་རིགས་ཀྱང་ཆེར་མ་མཛད་ཅིང༌། མཛད་པ་རྣམས་ཀྱང་གབ་དཀྲུགས་དང་འདོན་མི་བདེ་བ་སོགས་བསལ་བར་མཛད་ཅིང༌།