R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༧༠
[A:༢༧༠] དགའ་མོ་འོང་འགྲོ་ཞེས་སེམས་བསོ་མཛད། དེའི་མཇུག་ཙམ་དུ་ཕྱག་མཛོད་འཇམ་དཔལ་ནས་ཀྱང་དེ་རིང་སྐུ་ཁམས་ཅུང་ཟད་ཞན་པ་ལྟར་སྣང་བས་བདག་སོགས་མགོན་མེད་རྣམས་ལ་བརྩེ་བར་དགོངས་ཏེ་ཞབས་པད་བརྟན་པར་བཞུགས་དགོས་ཞེས་མཆི་མ་འདོན་ཞིང་ཞུས་པར། ཞལ་འཛུམ་དང་བཅས་ཏེ། དེ་འདྲའི་སྐྱག་རེ་ཆུང་བ་བྱེད་མི་དགོས། གྲུབ་ཐོབ་གོང་མའི་གསུང་ལས། ང་འཆི་བས་མི་འཇིགས་སྐྱེ་བས་འཇིགས། །སྐྱེ་བ་ལས་ཀྱི་རྗེས་སུ་འབྲངས། །ཞེས་གསུངས་པས། སྤྱིར་འཆི་བ་འདི་སྐྱེ་འཕགས་ཀུན་གྱི་ལམ་པོ་ཆེ་ཡིན་པས་འཇིགས་རྒྱུ་མེད། འཆི་བ་གཅིག་པོས་མི་ཆོག་སྐྱེ་བ་ལེན་དགོས། །དེ་ལ་རང་དབང་ཐོབ་པ་ཞིག་མེད་ན་འཇིགས་པ་ཡིན་མོད། འོན་ཀྱང་ཁོ་བོ་ཅག་ལྟ་བུ་དམ་པ་གོང་མ་ཁྱད་པར་ཅན་དེ་རྣམས་ཀྱི་རིགས་སུ་སྐྱེས། བླ་མ་མཚན་ཉིད་དང་ལྡན་པ་དུ་མས་རྗེས་སུ་བཟུང༌། བསམ་པ་རྙེད་ནས་ད་བར་ཆོས་ཀྱི་བྱ་བ་མ་གཏོགས་མི་དགེ་བའི་ལས་ནི་མ་བགྱིས། མི་ལུས་མི་འཐོབ་པའི་དོན་མེད། སྐྱེ་བ་འདྲ་འོང་ཤས་ཆེ་བས་རྩད་ཆོད། དཔེ་ཆ་དབང་རྫས་རྣམས་མ་བོར་བར་གྱིས། བུ་ཆུང་དང་ཁྱེད་རང་གཉིས་གཅིག་ལ་གཅིག་དགོས་པ་འོང་བས་སྔར་ལུགས་བཞིན་དུ་མཐུན་པ་གྱིས་ཞེས་སོགས་བཀའ་སློབ་རྒྱས་པར་སྩལ། ལར་སྐུ་ཚ་ནམ་མཁའ་རིན་ཆེན་འདི་ལ་དུས་རྒྱུན་དུ་བུ་ཆུང་ཞེས་འབོད་པར་མཛད་ཅིང༌། འདི་ངའི་ཡབ་རྒྱལ་པོ་དེའི་སྐྱེ་བ་འཁྲུལ་མེད་ཡིན། ཆོས་སྒོར་ཞུགས་ན་བླ་མ་ང་རང་ལས་ཀྱང་ལྷག་པ་ཞིག་འོང་ཚོད་དང༌། ཡང་ན་ཁྱིམ་སོ་ཞིག་ཟིན་པ་ལེགས་འདྲའང༌། སྡེ་པ་ནོར་འཛིན་དབང་པོས་ཐུགས་སྣང་ཅིའང་མི་སྣང་ཞེས་ཡང་ཡང་བཀའ་ཕེབ་པའང་