R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༧
[A:༢༧]འགྲིམས་པས་ཕལ་ཆེར་གྱིས་མ་ཤེས། ཤེས་པ་རྣམས་ཀྱིས་ཕྲག་དོག་བྱས་ཏེ། ཁྱི་མཇུག་ལ་བཏགས་པ་དང༌། རྟེན་འབྲེལ་འདིས་ངའི་བསྟན་བཅོས་དར་བར་འགྱུར་རོ་ཞེས་གསུངས་ནས་མཉེས་སོ། །རྒྱུ་མཚན་དེའི་ཕྱིར་བུ་སྟོན་གྱི་རྣམ་ཐར་སྒྲ་ཚད་པས་མཛད་པ་ལས། འཛམ་བུའི་གླིང་འདིའི་ལྷོ་ཕྱོགས་ཀྱི་རྒྱུད་ཕལ་ཆེ་བར་མཁས་པ་པཎྜི་ཏའི་སྐྱེ་བ་བརྒྱུད་མར་བཞེས་ནས། ཕྱི་རོལ་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་རྨེག་མེད་པར་བཅོམ། ནང་པ་སངས་རྒྱས་པའི་བསྟན་པ་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟར་མཛད་ནས་བསྟན་པའི་རྩ་ལག་ཆེན་པོར་གྱུར། ཅེས་གསུངས་པ་ལྟར་དང༌། ཡང་ནམ་མཁའི་སྙིང་པོའི་སྤྲུལ་པ་ཡིན་པ་ནི། རཏྣའི་སྤྱི་ལུང་ལས། ནམ་མཁའི་སྙིང་པོའི་སྨོན་ལམ་སྤྲུལ་པའི་སྐུ༔ །ཀུན་དགའི་མིང་ཅན་གཙང་གི་ཕྱོགས་སུ་འབྱུང་༔ །ཞེས་དང༌། ཆོས་མཛད་མ་ཨ་སྙིང་དཔལ་མོས་ཞུས་ངོར་སྩལ་བའི་རྗེ་ཉིད་ཀྱི་གསོལ་འདེབས་ཞལ་གསུང་མ་ལས། རྒྱལ་བ་ཀུན་དངོས་པདྨས་རྗེས་བཟུང་ཞིང༌། །བརྩེ་ཆེན་ཆོས་ཀྱི་དགའ་སྟོན་འགྱེད་མཁས་པ། །ལེགས་པའི་བློ་གྲོས་རྒྱལ་སྲས་རྡོ་རྗེ་འཛིན། །གྲུབ་གཉིས་ཕན་བདེའི་འབྱུང་གནས་ཞབས་ལ་འདུད། །ཅེས་དང༌། དག་སྣང་དུ་གྲུབ་དབང་ཐང་སྟོང་རྒྱལ་པོས་སྩལ་པའི་ཞབས་བརྟན་གསོལ་འདེབས་ལས། རིགས་བརྒྱའི་ཁྱབ་བདག་པདྨ་ཀཱ་ར་ཡིས། །ཚེ་རབས་དུ་མར་རྗེས་བཟུང་འཆི་མེད་ཀྱི། །རིགས་སུ་བསྟན་འགྲོའི་དཔལ་དུ་ལེགས་འཁྲུངས་པའི། །འགྲོ་བའི་རེ་གནས་ལོ་བརྒྱར་འཚོ་བར་ཤོག །ཅེས་གསུངས་པ་ལྟར། དགེ་སློང་ནམ་མཁའི་སྙིང་