R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༧༡
[A:༢༧༡]མ་འོངས་པ་མཁྱེན་པའི་གསུང་ཁོ་ནར་ངེས། ཕྱག་འཛོད་གཟིམས་ཆུང་ཕྱིར་ཐོན་པ་དང༌། བློ་གསལ་རབ་རྒྱས་ལ་མདངས་རྨི་ལམ་དུ་ཅུང་རི་བོ་ཆེ་བའི་གྲྭ་རིགས་དུ་མས་སྔ་ཕྱི་བར་གསུམ་གྱི་ལུགས་གཉིས་ཀྱི་གཏམ་དུ་མ་གླེང་བ་ཞིག་བྱུང་གསུངས་བར། དེ་ཅི་ལགས་ཞུས་པས། ཅི་ཡིན་མི་ཤེས་ཞེས་སྦ་བར་མཛད། དེ་ནས་བཏགས་གྲོལ་དང་མགུལ་གབ་རྣམས་ཕུད་ནས་དབུ་ཐོག་ཏུ་ཐོགས་གསུངས་པ་བཞིན་དབུ་ཐོག་ཏུ་བཏགས། ཐུགས་ཀའི་ཐད་དེར་ལྟོས་དང་ཞེས་གསུངས་པར་སྐུ་འཆིང་བཀྲོལ་ནས་བལྟས་པས་སྔར་དང་མི་འདྲ་བ་ནི་གང་ཡང་མི་འདུག །རྗེས་སུ་བྱས་ཚེ་དབྱར་དུས་སུ་སོང་བ་དང་ཐུགས་དམ་ལ་བཞུགས་གཤིས་སྒུལ་སྐྱོད་མ་ཐུབ་དོགས་ན་བཟའ་སྲབ་པ་དང་སྐུ་འཆིང་འགྲོལ་ཆེད་དུ་སེམས་ཞེས་གླེང༌། དེ་ནས་ཉི་མ་ནུབ་པར་ཉེ་བ་ན་དགོང་ཐུན་གྱི་མཁའ་སྤྱོད་དབང་མོའི་ཐུགས་དམ་ནན་ཏན་སྩལ། བློ་གསལ་རབ་རྒྱས་ཀྱིས་ལྗགས་བཟླས་ཧ་ཅང་མང་ན་སྐུ་རླུང་སྐྱེ་ཤས་ཁ་ཞུས་པས། དེ་ཁ་བྱེད་གསུང༌། དེ་ནས་བཞུགས་གདན་སྲབ་མོ་ཞིག་གི་སྟེང་དུ་ན་བཟའ་སྐུ་འགགས་སྐུ་གཡོགས་རྐྱང་པ་དང་བཅས། དགུང་ལོ་ང་བདུན་བཞེས་པ་ལྕགས་འབྲུག་ཟླ་བ་དྲུག་པའི་ཚེས་བཅུ་དྲུག་གི་སྲོད་འཁོར་སྔ་ཆ་ཙམ་ནས་ཞལ་ཤར་དུ་གཟིགས། སྐུ་དྲང་པོར་བསྲང༌། ཞབས་སྐྱིལ་ཀྲུང༌། ཕྱག་མཉམ་གཞག་གི་ངང་ནས། རྒྱལ་ཡུམ་རྡོ་རྗེ་བཙུན་མོའི་ཉེ་ལམ་ལ་བརྟེན་ནས་ཀུན་རྫོབ་གཟུགས་སྐུའི་བཀོད་པ་དོན་དམ་ཆོས་སྐུའི་དབྱིངས་སུ་སྙོམས་པར་ཞུགས་སོ། །དེ་ནས་ཕྱག་མཛོད་འཇམ་དཔལ་གྱིས་སྔོན་ནས་ཞལ་བཞེས་བཟང་པོ་སྩལ་བའི་དོན་བཞིན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། བྱེ་བྲག་རྗེ་