R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༧༢
[A:༢༧༢]བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ། ཡང་སྒོས་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་རྣམས་ཀྱི་ཆེད་དང༌། བདག་ཅག་མགོན་མེད་ཉམ་ཐག་རྣམས་ཀྱི་དོན་དུ་ཡང་སྲིད་གསལ་དྭངས་མྱུར་དུ་འབྱོན་དགོས་ཞེས་སོགས་ཀྱི་གསོལ་འདེབས་དང༌། རིག་འཛིན་སྐལ་བཟང་རྣམ་གྲོལ་ནས་ཀྱང་གོང་བཞིན་གསོལ་བ་བཏབ་པས་ཐུགས་དམ་དུ་བཞུགས་ཟིན་པ་ལས་སླར་ཡང་ཅེར་གྱིས་གཟིགས་པ་ནི་དེ་ལྟར་བགྱིའོ་ཞེས་ཞལ་གྱིས་བཞེས་པར་ངེས་སོ། །འདིར་སྨྲས་པ། མི་མཇེད་འགྲོ་ལ་རྗེས་ཆགས་ཤཱཀྱའི་རྒྱལ། །བསིལ་ལྡན་གདུལ་བྱའི་སྐྱབས་གཅིག་པད་དཀར་འཆང༌། །མཁས་གྲུབ་དུ་མར་རྣམ་རོལ་གནས་གསར་རྗེ། །མགོན་ཁྱོད་སྙིང་ནས་དྲན་ནོ་བརྩེ་བས་དགོངས། །རིགས་རུས་ཆོ་འབྲང་ལྡན་པ་མཚན་དཔེའི་སྐུ། །ཞིང་དུལ་འཛུམ་མཛེས་དྲི་ཞིམ་ངུར་སྨྲིག་གཡོ། །དེང་དུས་མངོན་སུམ་སྤྱོད་ཡུལ་མ་གྱུར་ན། །ཀྱི་ཧུད་རྡོ་རྗེའི་སྐུ་དེ་གང་དུ་གཤེགས། །ཤེས་བྱའི་གནས་ཀུན་འདོམས་པ་དཔལ་གྱི་མགུར། །འཇམ་ཞིང་སྙན་པའི་དབྱངས་ཀྱིས་བླང་དོར་སྟོན། །དེང་དུས་ཆ་ཙམ་ཐོས་པར་མ་གྱུར་ན། །ཀྱི་ཧུད་ཐར་འདོད་ལམ་མཁན་སུ་ཡིས་བྱེད། །མཁའ་ཁྱབ་རྒྱལ་བ་ཀུན་དང་རོ་གཅིག་ཐུགས། །ལྔ་བདོའི་འགྲོ་ལ་ཐུགས་རྗེའི་གཏེར་འཆང་བ། །དེང་དུས་གཞན་དུ་གཡེལ་བའི་ཚུལ་སྟོན་ན། །ཀྱི་ཧུད་གདུལ་བྱ་ཁྲེལ་བར་མ་གྱུར་གྲང༌། །སྐྱེ་རྒུའི་ཕན་བདེའི་རྒྱལ་བསྟན་དར་བའི་གཞི། །ཐུབ་པའི་རྒྱལ་ཚབ་བསྟན་འཛིན་ལ་རག་ན། །གངས་ཁྲོད་མཁས་གྲུབ་དུ་མ་གཞན་དུ་གཤེགས། །ཡང་དག་བསྟན་པའི་རྒྱུན་འདི་ཅི་འདྲར་འགྱུར། །ཁྱད་པར་རྡོ་རྗེ་འཆང་དངོས་ས་སྐྱ་པའི། །ཡང་ཟབ་བསྟན་པའི་ཉིང་ཁུ་ཁའུ་པའི། །སློབ་