R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༨༧
[A:༢༨༧]བཟུང་སྲོད། ཐོ་རེངས། ཉིན་བར་སོགས་བཏང་སྙོམས་སུ་སྡོད་སྐབས་སེམས་ལ་སྐྱོ་ཤས་དང༌། ཁྱད་པར་ད་ནི་རྗེ་བཙུན་གོང་མའི་ཐུགས་དམ་ཆག་མེད་ཀྱི་རིམ་པ་ཁ་གསོ་བ་རྣམས་ཀྱང་ཞུ་ཡུལ་ཤིན་ཏུ་དཀོན་སྙམ་པའི་འདུན་པ་དུང་དུང་ལྷང་ལྷང་བཅས་རེ་ཞིག་གི་བར་ལ་ཁ་འདོན་དགེ་སྦྱོར་རྟག་འགྲུས་སུ་གྱུར་ཀྱང་ཆོས་དྲེད་ཅན་ཁོ་ལ་ནི་གཏིང་ནས་ངེས་འབྱུང་མ་སྐྱེས་པའི་རྟགས་ཀྱིས་རིམ་པས་ཇེ་ལོད་དུ་གྱུར་ཀྱང༌། ཅུང་ཟད་བགྱིས་པ་རྣམས་རྩ་བའི་བླ་མ་དམ་པ་བཀའ་དྲིན་ཅན་རྣམས་ཀྱི་དགོངས་རྫོགས་སུ་དམིགས་ཁུལ་དང༌། ཁྱད་པར་རྗེ་དེ་ཉིད་ཀྱི་དུས་ཆེན་དང་བསྟུན་འཇིགས་བྱེད་བཅུ་གསུམ་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་མཆོད་ཞག་བཞིའི་ཁོངས་ཡ་མ་རཱ་ཛ་བཞི་སྟོང་བརྒལ་བ་དང༌། རྗེ་དེ་ཉིད་ཀྱི་གསོལ་འདེབས་བཞི་བརྒྱ་ལྷག་ཙམ་བགྱིས་ཤིང༌། དཀྱིལ་འཁོར་མཆོད་པའི་ཡོ་བྱད་རྒྱས་པ་དང༌། དུས་ཆེན་ཉིན་དཔལ་ས་སྐྱའི་ལྷ་ཁང་ཆེན་མོའི་མཐིལ་གཡབ་གཙུག་ལག་ཁང་ན་ངེད་རང་ནས་གསར་བཞེངས་རྡོ་རྗེ་འཆང་དེ་ཉིད་ཀྱི་འདྲ་སྐུ་སྐུ་ཚད་ལྷག་ཙམ། དབུ་ཞྭ། ན་བཟའ། ཕྱག་ཕྲེང༌། ཕྱག་ཆ། མཆོད་པའི་ཡོ་བྱད་བཅས་རྣམ་འདྲེན་དམ་པ་དེ་ཉིད་ཀྱི་ཉེར་སྤྱོད་ངོ་མ་ཁ་ཤས་ཀྱིས་སྤྲས་ཏེ་བཞུགས་པའི་དྲུང་དུ་མཆོད་མེ་ཞལ་ཟས་འབུལ་བ་དང༌། གཞན་ཡང་གོང་གི་གསུང་གི་བདུད་རྩི་ཅུང་ཟད་མྱོང་སྐལ་དུ་གྱུར་པ་རྣམས་བསྟན་འགྲོའི་ཆེད་སོ་སོའི་སྐལ་བ་དང༌། མཐུན་པར་སྤེལ་ཅི་ཐུབ་དང༌། རྗེ་བཙུན་ས་སྐྱ་པའི་བསྟན་པའི་རྩ་བ་འཁོན་རིགས་སྤེལ་དགོས་པའི་བཀའ་སྩལ་སོགས་ངལ་བ་མཐའ་དག་དང་དུ་བླངས་ཏེ་དཔལ་ལྡན་བླ་མ་དམ་པའི་དགོངས་རྫོགས་སུ་སྟོབ་ཁུལ་ཡིན་ཀྱང་བཀའ་དྲིན་གྱི་ཆ་ཙམ་ཡང་གཞལ་བར་