[A:༢༩༡]པའི་རྒྱལ་མཚན་དཔལ་བཟང་པོ་བཀའ་དྲིན་མཚུངས་པ་མ་མཆིས་པའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ཚུར་མཐོང་བྱིས་པའི་སྣང་ངོར་ཤར་བ་རེ་ཞིག་དེ་ཙམ་མོ། །འདིར་སྨྲས་པ། ངག་གི་དབང་ཕྱུག་འགྲོ་ཀུན་དགའ་མཛད་ཕྱིར། །ལེགས་པའི་འབྱུང་གནས་རྒྱལ་དང་རྒྱལ་བའི་སྲས། །ཐེག་མཆོག་བསྟན་པའི་རྒྱལ་མཚན་མཁས་དང་གྲུབ། །དཔལ་འབྱོར་བཟང་པོ་སྒྱུར་རྒྱལ་ལ་སོགས་པ། །སྣ་ཚོགས་སྤྲུལ་པས་ཞིང་ཁམས་མུ་མེད་པར། །དེ་སྙེད་གསུང་གིས་གང་འདུལ་ཆོས་འཁོར་བསྐོར། །སྤྲོས་ཀུན་ཉེར་ཞི་ཐབས་མཁས་བརྩེ་ཆེན་ཐུགས། །གཏིང་དཔག་དཀའ་བའི་ཡོན་ཏན་ཕྲིན་ལས་སོགས། །གནས་གསར་འཇམ་མགོན་བླ་མའི་ངོ་མཚར་གྱི། །རྟོགས་པ་བརྗོད་པ་ཆ་ཤས་རེ་རེ་ཡང༌། །བདག་འདྲ་སོ་སྐྱེས་བརྗོད་པ་གད་མོའི་གནས། །དེ་དང་དེ་འདྲའི་སྐྱེས་ཆེན་རྣམས་ཀྱིས་དགོངས། །འོན་ཀྱང་གསེར་གྱི་རི་ལ་གནས་བཅས་པའི། །སྲོག་ཆགས་རིན་ཆེན་མདོག་ཏུ་སྣང་བ་ལྟར། །ཆུང་ངུའི་དུས་ནས་དམ་པའི་མགོན་དེས་བསྐྱངས། །སྨིན་གྲོལ་ཆོས་ཀྱི་དགའ་སྟོན་ཅི་ཡང་སྩལ། །དེ་ལ་བརྟེན་ནས་རང་གི་མཐོང་བ་དང༌། །དད་ལྡན་སློབ་བུ་འགའ་ཡིས་གླེང་བ་རྣམས། །ཅུང་ཟད་སྨྲ་བའི་སྤོབས་པ་ཐོབ་འདི་ཡང༌། །རྗེ་བཙུན་བླ་མའི་དྲིན་ལས་གཞན་དུ་ཅི། །འོན་ཀྱང་ཐོག་མེད་འཁོར་བར་ལས་ཉོན་གྱི། །བག་ཆགས་ཀྱིས་བསྒྲིབས་དོན་ཚིག་འགལ་འཁྲུལ་ཆ། །མཁའ་མཉམ་འགྲོ་བའི་སྡིག་དང་ལྷན་ཅིག་ཏུ། །འདྲེན་མཆོག་བླ་མའི་སྤྱན་སྔར་མཐོལ་ལོ་བཤགས། །རྒྱལ་ཀུན་ཡོན་ཏན་བརྗོད་པའི་བསོད་ནམས་ལས། །བླ་མའི་རྣམ་ཐར་ལན་གཅིག་