R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༩༢
[A:༢༩༢]བརྗོད་ཁྱད་འཕགས། །མདོ་རྒྱུད་བསྟན་བཅོས་ཀུན་ལས་བསྔགས་པ་བཞིན། །འདིར་འབད་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །དེ་ལྟར་གནས་གསར་འཇམ་མགོན་བླ་མ་ཡི། །རྟོགས་བརྗོད་ངོ་མཚར་རབ་འབྱམས་འདི་བརྩམས་ཚེ། །བསྟན་པའི་བདག་པོ་སྟོན་མཆོག་འཁྲུངས་པ་སོགས། །བསྟན་རྩིས་ཉུང་ངུའི་རྣམ་གཞག་ཅི་ཞེ་ན། །འདི་ལ་མཁས་པའི་བཞེད་པ་མང་ན་ཡང༌། །རང་ལུགས་རྒྱ་གར་རྒྱལ་པོ་ཡོངས་གྲགས་འགས། །མངའ་འབངས་བུ་ལོན་མཛོད་ནོར་གྱིས་སྦྱངས་ཏེ། །ཟོང་གསར་སྤྱོད་པ་ནས་བཟུང་ལོ་བརྩི་བ། །འདི་ཡི་ཁུངས་ནི་ལུགས་ཆེན་ཞེས་བྱ་ལས། །གཡུལ་བསྟན་འོག་ཏུ་ཉིས་སྟོང་དགའ་བྱེད་འོག །བརྒྱད་བརྒྱ་ཞེས་སོགས་བཤད་ཅིང་དེ་ཡི་དོན། །རྩོད་དུས་རྒྱལ་པོ་སྐྱ་སེང་མཆེད་ལྔའི་གཅེན། །གཡུལ་བསྟན་གྱིས་བཅོས་ཉིས་སྟོང་ཉེ་བའི་ཚེ། །བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ས་འབྲུག་བལྟམས། །བརྒྱད་ཅུ་བཞེས་པ་མེ་ཕག་ལོ་ལ་གཤེགས། །དེ་ནས་བརྒྱ་དང་སོ་བདུན་ལོན་པ་ན། །དགའ་བྱེད་བྱུང་ཞེས་རྟོག་གེ་འབར་བར་བཤད། །དེས་ན་སློབ་དཔོན་བསོད་ནམས་རྩེ་མོ་དང༌། །འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏས། །འདི་ལ་བརྟེན་ནས་བསྟན་རྩིས་རྩོམ་པར་བཞེད། །ཐུབ་དབང་མྱ་ངན་འདས་ནས་སུམ་སྟོང་དང༌། །ཆིག་བརྒྱ་རེ་དྲུག་ཤིང་ཕོ་ཁྱི་ཡི་ལོ། །འཁོན་སྟོན་ཆེན་པོ་དཀོན་མཆོག་རྒྱལ་པོ་འཁྲུངས། །བཞི་བཅུ་ཆུ་གླང་དཔལ་ལྡན་ས་སྐྱ་བཏབ། །རེ་དགུ་ཆུ་རྟ་ལོ་ལ་ཞི་བར་གཤེགས། །འཁོན་སྟོན་ང་དགུ་ཆུ་སྤྲེལ་ས་ཆེན་འཁྲུངས། །རེ་བདུན་ས་སྟག་གཤེགས་ཏེ་ང་དགུའི་ལོ། །ལྕགས་ཕོ་རྟ་ལ་དཔལ་ཆེན་འོད་པོ་འཁྲུངས། །ང་བཞི་ཆུ་ཕག་གཤེགས་དེ་སོ་ལྔ་པ། །ཤིང་འབྲུག་ཟང་ཚ་བསོད་ནམས་རྒྱལ་མཚན་