R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༣༡
[A:༣༡]དཀྲོང་བའི་ཁྲིམས་བཅས་ཏེ་ལྷོག་སྒོར་ཁྲི་གཉིས་བརྩེགས་ནས་རྒྱལ་པོ་དང་སློབ་དཔོན་བཞུགས་སུ་བཅུག །མདའ་མདུང་སོགས་མཚོན་གྱི་སྦྱོར་བ་བརྩམས་པ་ན་རྒྱལ་པོ་ཐུགས་སྐྲག་ནས་སྐུ་འདར། སློབ་དཔོན་གྱིས་གྷ་ཊ་ཤག་གསུངས་ཏེ་ཐལ་མོ་ཕྲལ་བས་བློན་པོ་རྣམས་ཀྱིས་མཚོན་ཆ་ཐམས་ཅད་ཤོར། མགོན་པོ་དང་ལྷ་མོའི་སྐུ་ཞིག་ཡོད་པར་སློབ་དཔོན་གྱི་ཞབས་རྡོ་བརྒྱབས་ནས་ལྡོངས་གསུངས་པས་སློབ་དཔོན་གྱི་རྗེས་ལ་འབྲངས། ཧཱུྃ་སྒྲ་དྲག་པོར་གསུངས་པས་ཐོག་བབས་པ་སྡིགས་མཛུབ་ཀྱི་རྩེ་ལ་དཀྲིས་ནས་འུ་ཤང་རྡོའི་བྲག་ལ་བརྒྱབས་པས་དུམ་བུར་བསྙིལ། རྒྱལ་པོ་ལ་མི་འཇིགས་སམ་གསུངས་པས། གནམ་ལྕགས་ཀྱི་ཐོག་ལས་ཀྱང་སློབ་དཔོན་གྱི་ཧཱུྃ་སྒྲ་དེ་འཇིགས་སོ་གསུངས་ནས། རྒྱལ་པོས་ཕྱག་ཕུལ་བ་སོགས་མཁས་གྲུབ་ཀྱི་གོ་འཕང་ཆེན་པོ་ལ་བཞུགས་པ་དེ་ཉིད། སླར་ཡང་ལྷོ་བྲག་མཁར་ཆུར་གཤེགས་ཏེ་མཐར་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་མཛད་ཅེས་བཤད་དོ། །ཡང་ཨ་ཏི་ཤའི་རྣམ་སྤྲུལ་ཡིན་པ་ནི། ཕྲིན་ལས་ཀྱི་མགོན་པོ་པུ་ཏྲ་དམར་པོའི་ལུང་ལས། ར་སྒྲེང་ཕྱོགས་སུ་མཆོད་འབུལ་གསོལ་འདེབས་འཕུངས། །ཞེས་དང༌། རྗེ་འདིའི་ཞབས་བརྟན་ལ་དམིགས་ཇོ་བོའི་སྐུ་བསྟོད་འདོན་དགོས་པར་གསུངས་པ་སོགས། དོན་གྱི་ཇོ་བོ་རྗེར་ལུང་བསྟན་པ་བཞིན། ཇོ་བོ་རྗེ་འདི་ནི་བདག་ཅག་གི་སྟོན་པ་དང་མཉམ་དུ་ཐུགས་བསྐྱེད་ཅིང༌། སྟོན་པ་སངས་རྒྱས་པའི་ཚེ་རྒྱལ་སྲས་བཟང་སྐྱོང་དུ་གྱུར་ནས་བསྐལ་བཟང་འདི་ལ་སངས་རྒྱས་ཀྱི་མཛད་པ་སྟོན་པར་བཤད་ཅིང༌། ཐུན་མོང་པའི་རྣམ་ཐར་ནི། ཤིང་གླང་ལོར་དར་མས་བསྟན་པ་བསྣུབས་ནས་ལོ་དོན་བརྒྱད་