R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༣༢
[A:༣༢]སོང་བ་ན། ཤར་ཕྱོགས་བྷངྒ་ལའི་ཕོ་བྲང་གསེར་གྱི་རྒྱལ་མཚན་དུ་རྒྱལ་པོ་དགེ་བ་དཔལ་དང༌། བཙུན་མོ་འོད་ཟེར་ཅན་གཉིས་ལ་སྲས་གསུམ་འཁྲུངས་པའི། བར་པ་ཟླ་བའི་སྙིང་པོ་འདི་ཉིད་ཆུ་རྟ་ལོར་འཁྲུངས་པའི་ཚེ་ཕོ་བྲང་གི་ཐོག་མཚམས་ལ་ཨུཏྤལ་སྔོན་པོ་སྐྱེས་པ་ཀུན་གྱིས་མཐོང་ཞིང༌། རྒྱལ་བུ་ལ་སྒྲོལ་མས་ཞལ་གཟིགས་ཏེ་རྗེས་སུ་བཟུང་བར་མཁྱེན། དགུང་ལོ་བཅུའི་བར་དུ་ཡི་གེ །བཟོ། གསོ་དཔྱད་དང༌། ལུགས་ཀྱི་བསྟན་བཅོས་སྦྱངས། ཉེར་གཅིག་པ་ལ་སྒྲ་ཚད། སྒྱུ་རྩལ་དྲུག་ཅུ་རྩ་བཞི། ཟློས་གར། སྙན་ངག །རྩིས་རྣམས་མཁྱེན། ཛཻ་ཏཱ་རི་སོགས་བླ་མ་ལྔ་ལས་ཐེག་ཆེན་གྱི་ཆོས་གསན་ནས། རྒྱུད་མན་ངག་རྫོགས་པར་མཁྱེན་ཏེ་ལོ་དྲུག་ཏུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་ཡི་དམ་ལྷའི་ཞལ་གཟིགས། ཏིང་འཛིན་དང་མངོན་ཤེས་ལྔ་ཐོབ། རྡོ་རྗེ་རྣལ་འབྱོར་མས་དངོས་སུ་དབང་བསྐུར། གསང་སྔགས་ཀྱི་རྒྱུད་སྡེ་མང་དུ་མཁྱེན་པའི་ང་རྒྱལ་ཡོད་པ་ན་མཁའ་འགྲོ་མ་རྣམས་ཀྱིས་རྒྱུད་ཀྱི་གླེགས་བམ་དུ་མ་བསྟན་ནས་ཐུགས་རྒྱལ་བཅག །རྩོད་པའི་སྒོ་ནས་མུ་སྟེགས་ཚར་བཅད། མནལ་ལམ་དུ་ཐུབ་པའི་དབང་པོས་བསྐུལ་ཏེ་དགུང་ལོ་ཉེར་དགུ་ལ་རབ་ཏུ་བྱུང་བའི་མཚན་དཱི་པཾ་ཀཱའ་ར་ཤྲཱི་ཛྙཱ་ནར་གསོལ་ནས། ཟབ་མོ་ལྟ་བརྒྱུད། རྒྱ་ཆེན་སྤྱོད་བརྒྱུད། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་ལས་འོངས་པའི་སྡེ་སྣོད་མཐའ་དག་གསན་ཅིང་ཐུགས་སུ་ཆུད་པས་མཁས་པའི་གྲགས་པས་ཁྱབ་ཅིང༌། བཙུན་པའི་ཡོན་ཏན་སོ་ཐར་དང་འགལ་བའི་ཉེས་པ་འོང་མ་མྱངས། བྱང་སེམས་དང་སྔགས་སྡོམ་ལ་ཅུང་ཟད་བྱུང་སྲིད་ཀྱང་དེ་མ་ཐག་བཤགས་ཏེ་ཞག་ཏུ་འགྲོགས་མ་མྱངས་གསུངས་