[A:༣༦] སྨན་ལུང་པ་བློ་མཆོག་རྡོ་རྗེར། གོང་ར་བ་རྣམས་ཀྱིས་ཐུགས་བསུན་ཞུས་ཚུལ་དང༌། སྐབས་ཤིག་ཤིན་ཏུ་བཀྲེན་པས་གཏོར་མའི་མཐེབ་སྐྱུ་གསོལ་དགོས་ཚེའང་ཞབས་ཕྱི་དེར་ཁྱོད་རང་མང་ཙམ་ཟོ། ངེད་ཨའུ་རྩི་ཞེས་ཕེབ་ཚུལ་སྤྱན་ཆབ་བཅས་གནང་བ་དང༌། ཞྭ་ལུ་མཁན་ཆེན་གྱིའང༌། སྐུ་ཆས་ཐམས་ཅད་ལན་གསུམ་དག་པར་མཛད་སྐབས་ཤིན་ཏུ་བཀྲེན་པར་བྱུང་འདུག་ཅིང༌། དེ་སྐབས་ཤིག་ཁྱབ་བདག་བཀའ་འགྱུར་བ་ངེད་སྡོད་ས་འདི་དང༌། མཁན་ཆེན་དེ་ཉིད་ད་ལྟ་འཇམ་དཔལ་སྡོད་ས་འདིར་བཞུགས་ནས་གསུང་ངག་སློབ་བཤད་རྫོགས་པར་གསན་འདུག་ཅེས་སྤྱན་ཆབ་མང་པོ་བསིལ་མཐར། མཁན་ཆེན་ཞྭ་ལུ་བའི་བགྲོས་བྱུང་རེས་ཀྱིས་མིག་ཆུ་དབང་མེད་འོང་བ་ཞིག་འདུག །ཅི་ཡིན་ནི་མ་ཤེས། ཕེབ་པའང་སྐྱེས་མཆོག་དེ་གཉིས་བླ་སློབ་བམ། རྡོ་རྗེའི་མཆེད་པོ་ཟླ་མེད་ཡིན་གཤིས། འདིའང་སྔོན་གནས་རྗེས་དྲན་གྱིས་རྗེ་ཉིད་ཁྱབ་བདག་བཀའ་འགྱུར་བར་དོན་གྱིས་རྟོགས་ནུས་པ་དང༌། འཁྲུངས་རབས་གསོལ་འདེབས་ཀྱི་སྦྱར་བྱང་དུ་རྗེ་བཀའ་འགྱུར་བ་ཉིད་ནས་གཏེར་སྟོན་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོར་མ་འོངས་འཁྲུངས་རྟགས་ཀྱི་ལུང་བསྟན་ཞུས་གནང་ལ། སྐྱེ་བ་ཕྱི་མ་གཙང་རྟ་ནག་ཕྱོགས་སུ་སྔགས་བོན་ཁྱད་པར་ཅན་གྱི་རིགས་སུ་སྐྱེས་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་འོང་ཚུལ་གནང་བའང་འདྲར་རུང་བ་དང༌། ཞེས་ཁེངས་བསྐྱུང་གི་གསུང་འདིས་ཀྱང་ཁྱབ་བདག་བཀའ་འགྱུར་བ་ཆེན་པོར་བསྙོན་མེད་དུ་གྲུབ་པས། རྗེ་བཀའ་འགྱུར་བའི་རྣམ་ཐར་རྒྱས་པ་ནི་གོང་ས་རྡོ་རྗེ་འཆང་ལྔ་པ་ཆེན་པོས་མཛད་པ་དེ་ཉིད་ལས་རྟོགས་པར་བྱ་ཞིང༌། གོང་དུ་བཤད་པ་ལྟར་དགེ་སློང་ནམ་མཁའི་སྙིང་པོའི་ཟློས་གར་རྗེ་བཀའ་