[A:༣༧]འགྱུར་བ་ཡིན་པ་ནི་རྣམ་ཐར་དེ་ཉིད་དུ་གསལ་བར་མ་ཟད། ཆོས་རྒྱལ་གཏེར་བདག་གླིང་པའི་རྡོར་སེམས་ཐུགས་ཐིག་གི་ཁ་བྱང་ལུང་བསྟན་ལས། གནུབས་བན་ནམ་མཁའི་སྙིང་པོ་ནི༔ རྒྱལ་ལམ་བསོད་ནམས་མིང་འཛིན་པཿ སོགས་ཀྱིས་གསལ་བར་བསྟན་ཅིང༌། ཡང་ཁྱབ་བདག་བཀའ་འགྱུར་བ་དང༌། དཔལ་ས་སྐྱའི་འཇམ་མགོན་ཨ་མེས་ཞབས་གཉིས་ཐུགས་རྒྱུད་གཅིག་པ་ནི། གོང་དུ་བཤད་པའི་བཀའ་འགྱུར་བའི་རྣམ་ཐར་དེ་ཉིད་དུ། མེ་བྱ་ལོ་ས་སྐྱར་ཕེབ་པའི་འཕྲོས་ལས། གཞི་ཐོག་ཏུ་ཞབས་དྲུང་རིན་པོ་ཆེར་མཁའ་འགྲོ་སུན་ཟློག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པར་ཕུལ་ནས། དགུང་ལོ་བརྒྱད་ཅུ་རྩ་ལྔའི་བར་དུ་བཞུགས་པའི་བཀའ་བཞེས་ཞུས་པར། མཁན་པོ་རང་བསྟན་དོན་ལ་དགོངས་ནས་དེ་ཙམ་བཞུགས་ན་ནི་ང་རང་དེ་ག་བགྱིད། དེ་མིན་ངེད་རང་གཉིས་ལྷན་དུ་འགྲོ་བ་ཡིན། ཕེབ་པའི་གནས་ཚུལ་རྗེ་བླ་མ་འབྲས་སྤུངས་སུ་ཕེབ་དུས་གསུང་འཕྲོས་གནང་འདུག་ཅིང༌། ས་ཕག་ཧོར་ཟླ་དགུ་པའི་ཚེས་བཅུ་བཞི་ལ་དམ་པ་འདི་དང༌། བཅུ་གཅིག་པའི་ཚེས་བཅུ་གཉིས་ལ་བདག་ཆེན་རིན་པོ་ཆེས་མེ་ཏོག་འཐོར་བ་ལ་དཔག་ན་བླ་མ་རྣམ་གཉིས་སྤྲུལ་གཞི་གཅིག་ལས་བསྟན་འགྲོའི་ཆེད་དུ་སྤྲོ་བསྡུ་མཛད་དགོས་པར་སེམས། ཞེས་གསུངས་པས་ན་རྣམ་འདྲེན་དམ་པ་དེ་གཉིས་དབྱེར་མ་མཆིས་ཤིང། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་འཇམ་མགོན་ཨ་མེས་ཞབས་ཀྱི་འཁྲུངས་རབས་སུ། བྱང་སེམས་རྒྱ་བོད་མཁས་གྲུབ་ཇི་སྙེད་གསུང་པ་རྣམས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་སྐུ་ཕྲེང་དུའང་འགྱུར་ཞིང༌། དེ་ཉིད་བདག་ཅག་གི་རྣམ་འདྲེན་དམ་པ་འདི་ཉིད་དུ་སྐུའི་སྐྱེ་བ་བཞེས་པས་གོང་དུ་