R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༣༨
[A:༣༨]བཤད་པ་དེ་དག་ལས་འཕྲོས་ནས་སྐུ་ཕྲེང་ཁོ་ནའི་རྣམ་ཐར་ཀྱང་བསམ་གྱིས་མི་ཁྱབ་པ་ཡོད་པར་སེམས་སོ། །འོ་ན་བདག་ཅག་གི་སྟོན་པ་དང་འཕགས་མཆོག་སྤྱན་རས་གཟིགས་གཉིས་ནི་སངས་རྒྱས་ཟིན་པ་དང༌། རབ་གསལ་དང་བཟང་སྐྱོང་གཉིས་ནི་རྒྱས་འགྱུར་ཡིན་པ་དང༌། འཕགས་མཆོག་སྤྱན་རས་གཟིགས་རྣལ་འབྱོར་དབང་ཕྱུག་ཡིན་པ་སོགས་མི་འགལ་ལམ་སྙམ་ན། མི་འགལ་ཏེ། སྤྱིར་ས་དང་པོའི་བྱང་འཕགས་རྣམས་ཀྱིས་ཀྱང༌། ཞིང་ཁམས་བརྒྱར་ཆོས་གསན་པ་དང༌། ཞིང་ཁམས་བརྒྱར་ཆོས་སྟོན་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་བསྒྱུར་ན། དེ་བས་ལྷག་པ་རྣམས་ལ་ལྟ་ཅི་སྨོས་ཏེ། སངས་རྒྱས་དང་བྱང་སེམས་ཆེན་པོ་རྣམས་ནི་དབང་བཅུ་དང་སྤྲུལ་བསྒྱུར་ལ་མངའ་བརྙེས་པས་གང་འདོད་དུ་སྐྱེ་བ་ལེན་ནུས་ཤིང༌། དེའང་གཅིག་ཉིད་མང་པོར་སྤྲུལ་བ་དང༌། ཆུང་ངུ་ཆེན་པོར་བསྒྱུར་བ་སོགས་ནུས་པས་ན། སྐུའི་སྐྱེ་སྤྲུལ་གཉིས་ཅིག་ཅར་དུ་སྤྲུལ་ནུས་པ་ལ་ཐེ་ཚོམ་ཅི་ཞིག་དགོས་ཏེ། བླ་མ་ས་སྐྱ་པ་ཆེན་པོས་ཚར་ཁར་ཁྲིད་སྐྱོང་བ། ས་སྐྱར་གསུང་ངག་གསུངས་པ། གུང་ཐང་དུ་མལ་གྱི་ཉེ་གནས་མཛད་པ། འགྲིང་མཚམས་སུ་རབ་གནས་མཛད་པ། ཟང་སྡོང་དུ་ལམ་འབྲས་གསུངས་པ། ཤབ་སྒོ་ལྔར་ཆོས་འཁོར་བསྐོར་བ་སྟེ། སྐུའི་བཀོད་པ་མི་འདྲ་བ་དྲུག་དུས་གཅིག་ལ་བསྟན་ཅིང༌། གཟུགས་སྐུ་བསྡུ་བའི་ཚེའང༌། བདེ་བ་ཅན་དང༌། པོ་ཏ་ལ་སོགས་སུ་གཤེགས་པའི་བཀོད་པ་མི་གཅིག་པ་ལྔ་ཅིག་ཅར་སྟོན་པར་མཛད་པ་དང༌། དེ་བཞིན་དུ་རྗེ་བཙུན་རྩེ་མོས་ཀྱང་ཞི་