[A:༤༦]རིམ་བཞིན་རུས་ཆེན་བཞིའམ། མིའུ་གདུང་དྲུག་ཏུ་གྲགས་པའི་ནང་ཚན་ལྷ་རིགས་འ་ཞྭའི་རྒྱལ་པོ་ཞེས། རྒྱལ་བརྒྱུད་གཙང་མ་ཞིག་རིམ་གྱིས་བོད་རྒྱལ་པོའི་མངའ་འོག་ཏུ་གྱུར་ཅིང༌། རྗེ་དང་གཉེན་བསྲེས་པས་དབོན་ཞང་དུ་གྱུར། རྒྱ་བོད་དབོན་ཞང་གཉིས་བསྡུམ་པའི་ཚེ་ནང་རྗེར་གྱུར་པས་དབོན་འ་ཞྭ་རྗེ་ཞེས་རྡོ་རིང་གི་ཡི་གེར་གསལ་བ་དེའི་གདུང་རྣམ་པར་དག་པ་ལས་རིམ་གྱིས་བྱུང་བ་ལགས། ཡང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་ཞབས་ཀྱི་གསུང་ལས། འོད་གསལ་ལྷར་བབས་ཁྲེལ་དང་ངོ་ཚ་ཕྱི་ཐག་ལྡན་པ་ང༌། །ངོ་ཚ་ཆེས་པས་དཔོན་སྐྱའི་ཟླ་ལ་མ་ཆུད་པད་གསུང་དང༌། །ཕ་རྗེས་སྙོགས་ཕྱིར་ངོ་ཚ་དམ་ཚིག་ཕྱི་ཐག་གང་རིང་བྱེད། །ལེགས་པར་བརྟགས་ན་ད་ལྟའི་ཆེ་ཆེ་ཚོས་འགྲན་པས་དོ་བ་ཡང་མེད། །ངོ་མ་ཤེས་ན་འ་ཞཱའི་རྒྱལ་པོ་ཁོ་ཡིན་པད་གསུངས་དང༌། །ངོ་མ་ཤེས་ན་གནས་གསར་སྟོང་དཔོན་ཁོ་ཡིན་པད་གསུང་དང༌། །ཞེས་འབྱུང་བ་ལྟར། འོད་གསལ་ལྷ་ལས་བབས་པའི་གཏམ་རྒྱུད་ནི། དེའང་སྔོན་གྱི་དུས་ན་ཡུལ་མངའ་རིས་ཀྱི་ལྗོངས་ན་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་གླང་པོ་ཆེ་ཅང་ཤེས་རྒྱན་གྱིས་སྤྲས་ནས་སྣར་བུམ་པ་བཟང་པོ་བཅུད་ཀྱིས་གང་བ་ཐོགས་ཏེ་རྒྱལ་པོ་འཚོལ་བ་ལ་འབོད་པར་བྱེད་དོ། །དེའི་ཚེ་ཡུལ་ཁམས་དེ་ཉིད་འདུལ་སྐྱོང་གི་དུས་ལ་བབས་པར་མཁྱེན་ནས་ལྷའི་བུ་མཚན་དང་ལྡན་པ་ཞིག་མི་ཁྲོམ་དམར་ནག་འཁྱིལ་པའི་དབུས་སུ་བབས་ཤིང༌། དེ་མ་ཐག་གླང་པོ་ཅང་ཤེས་ཀྱིས་བུམ་པ་དབུ་ཐོག་ཏུ་བཞག་ཅིང་རྒྱལ་པོར་དབང་བསྐུར། མིའི་གྲིབ་ཀྱིས་སྤྱན་གཅིག་མི་གསལ་བར་གྱུར། དེས་ན་ནམ་མཁའ་ལས་བབས་ཤིང༌། སྤྱན་གཅིག་མི་གསལ་བས། མེས་པོ་ནམ་མཁའ་སྤྱན་གཅིག་ཏུ་གྲགས་ཤིང༌། དེ་ལས་རིམ་གྱིས་འཕེལ་བ་ཡིན་ཞེས་