R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༥༠
[A:༥༠] སྲས་ནམ་མཁའ་བསོད་ནམས་དབང་རྒྱལ་དང༌། སྲས་མོ་གཅིག་བཅས་འཁྲུངས། ཕྱི་མ་ལ་སྲས་ཀུན་དགའ་བསྟན་པའི་རྒྱལ་མཚན་དང༌། ཞབས་དྲུང་ནམ་མཁའ་དོན་གྲུབ་རྒྱལ་པོ། སྲས་མོ་གཅིག་བཅས་འཁྲུངས་པའི། གཅེན་ནམ་མཁའ་བསོད་ནམས་དབང་རྒྱལ་ནི་དགེ་སློང་ནམ་མཁའི་སྙིང་པོའི་སྤྲུལ་པར་གྲགས། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ངག་དབང་བློ་བཟང་རྒྱ་མཚོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང༌། སླར་བསྙེན་པར་རྫོགས་པའི་མཚན་ངག་དབང་བློ་གསལ་མཆོག་ལྡན་དུ་གསོལ། གཞན་ཡང་གསང་སྔགས་གསར་རྙིང་གི་དགེ་བའི་གཤེས་གཉེན་དུ་མ་བསྟེན་ཅིང༌། ཁྱད་པར་ཀུན་མཁྱེན་ལྔ་པ་ཆེན་པོ་དང༌། ཞྭ་ལུ་མཁན་རིན་པོ་ཆེ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་བཀའ་དྲིན་ལས། གསུང་ངག་སློབ་བཤད་ལུང་ཕྱག་བཞེས་དང་བཅས་པ། དམར་པོ་སྐོར་གསུམ། མཁའ་སྤྱོད་སྐོར་གསུམ། བསྟན་སྲུང་སྐོར་ཕྲ་ཞིབ་དང་བཅས་པ་སོགས་གསང་ཆེན་ཁའུ་བྲག་རྫོང་པའི་ཡབ་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང༌། བཀའ་བརྒྱད་སོགས་གསང་ཆེན་རྙིང་མའི་ཆོས་སྐོར་ཡང་རྒྱ་ཆེ་བ་གསན། བསྙེན་སྒྲུབ་ཡུན་རིང་མཛད་པས་ཉམས་རྟོགས་ཀྱི་མྱུ་གུ་གོང་འཕེལ་དུ་འཁྲུངས། བཀྲ་ཤིས་ཆོས་སྡེའི་མཁན་ཆེན་རྡོ་རྗེ་འཆང་གི་སེང་ཁྲིར་ཞབས་སེན་བཀོད་དེ། གདུལ་བྱའི་མོས་བློ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། བཀྲ་ཤིས་ཆོས་སྡེའི་བླ་མ་ལྷ་ཁང་ལ་གསར་བཟོ་དང་མཚུངས་པའི་ཞིག་གསོ་ཕུན་སུམ་ཚོགས་པར་མཛད། སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ངག་དབང་བློ་བཟང་རྒྱ་མཚོས་ཆོས་སྲིད་ཀྱི་བཀའ་དྲིན་མངོན་པར་ལྕི་བས་བསྐྱངས་ཏེ། གནས་གསར་དབོན་རིན་པོ་ཆེ་ཞེས་བཀུར་སྟི་