R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༥༡
[A:༥༡]བླ་ན་མེད་པས་གཟེངས་བསྟོད་དེ་སློབ་བཤད་བསྟན་པའི་སྲོག་གཟུང་བར་དགོངས་ཀྱང༌། དུས་ཀྱི་སྐལ་བས་མི་རིང་བར་ཉང་སྟོད་གནས་གསར་རྒྱལ་ཁང་བླ་བྲང་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་དགྱེས་མཛད་རྡོ་རྗེའི་ཐུགས་ཀར་ཐིམ། གཅུང་ཀུན་དགའ་བསྟན་པའི་རྒྱལ་མཚན་ནི་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་རྣམ་འཕྲུལ་དུ་གྲགས། ཐུགས་མཁྱེན་རབ་ཕུལ་དུ་ཕྱིན་པས་ཤེས་བྱ་ཀུན་ལ་མཁས་ཤིང༌། ཐུགས་རྒྱུད་ཞི་ཞིང་དུལ། རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་དང༌། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཆེན་པོ་སོགས་མཁས་གྲུབ་དམ་པ་མང་དུ་བསྟེན་ནས་གསུང་ངག་སློབ་བཤད། མཁའ་སྤྱོད་སྐོར་གསུམ། དུས་ཀྱི་འཁོར་ལོ། ཆོས་སྲུང་སྐོར་སོགས་ཆོས་བཀའ་བསམ་གྱིས་མི་ཁྱབ་པ་གསན་ཅིང༌། ཐུགས་ཉམས་སུ་བཞེས་པས་ཉམས་རྟོགས་ཚད་མེད་པར་འཁྲུངས། རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་དྲུང་དུ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། གསང་ཆེན་བསྟན་པའི་འབྱུང་གནས་བཀྲ་ཤིས་ཆོས་ཀྱི་སྡེ་ཆེན་པོའི་མཁན་པོར་མངའ་གསོལ། བླ་མ་ལྷ་ཁང་གི་ཤིང་རྩི་དང༌། ལྡེབས་རིས་སུ་ལམ་འབྲས་དང༌། མགོན་པོ་གཉིས་ཀྱི་བླ་བརྒྱུད། ཆོག་མང་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་རྣམས་དང༌། གཞན་ཡང་འདོད་ལྷ་མང་བ་བཅས་བཞེངས་པར་མཛད་ཅིང༌། གཅེན་ངག་དབང་བློ་གསལ་མཆོག་ལྡན་གྱི་གདུང་རྟེན་གསེར་སྦྱངས་ཀྱི་པ་ཏྲ་འོད་ཀོར་སོགས་ཀྱིས་མཛེས་ཤིང༌། དངུལ་ལས་གྲུབ་པའི་རིན་པོ་ཆེ་དུ་མའི་རྒྱན་གྱིས་ཕྱུག་པ། བྱང་ཆུབ་ཆེན་པོའི་མཆོད་རྟེན་བཟོ་བཀོད་ཕུན་སུམ་ཚོགས་པ། འདྲ་སྐུ་རིན་པོ་ཆེ་དང་བཅས་པ་སྒྲུབ་པར་མཛད་