R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༥༦
[A:༥༦] ལས་སྐར་བྱ་མའམ་མེ་བཞི་དང་དགྱེས་རྒུར་རྩེ་བའི་འཆི་མེད་གྲུབ་པའི་སྦྱོར་བའི་དུས། སྦྱོར་ཆུང་སྟོབས་ལྡན། སྦྱོར་བ་འཕྲོད་ཆེན། ཡིད་ལ་དཔལ་ཐོབ་སྦྱོར་བ། སྐལ་བ་ཕུན་ཚོགས། བྱེད་པ་བིཥྟི། རྟེན་འབྲེལ་མིང་གཟུགས། ཉི་མ་མེ་སྟག །སྤར་ཁ་ལི། སྨེ་བ་བདུན་དམར། དུས་ཚོད་ཐོ་རེངས་ལྕགས་སྟག །དུས་སྤར་ཁེན། དུས་སྨེ་དགུ་སྨུག །དུས་སྦྱོར་བྱེད་པའི་གཟའ་དཀར་པོ། ཏརྐལ་སྡིག་ཁྱིམ་སྟེ། དགུག་པའི་ལས་འགྲུབ་པའི་དུས་ཚེས་བཟང་པོར་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་བཞིན་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས་མ་ཐག་རིགས་དང་ཡུལ་གྱི་ལྷ་མཆོད་པ་ལ་སོགས་པ་དགའ་སྟོན་རྒྱ་ཆེར་མཛད་ཅིང༌། མཚན་བསོད་ནམས་དཔལ་འབྱོར་དུ་གསོལ་ལོ། །རྣམ་འདྲེན་དམ་པ་འདི་ཉིད་ཀྱི་སྐུ་མཆེད་ཀྱི་གྲས་གེ་རེའི་ལྕམ་ལ་སྲས་མོ་ནོར་འཛོམ་རྒྱལ་མོ་དང༌། བསོད་ནམས་འཕྲོད་སྐྱིད། དེ་འོག་ཏུ་ལྕམ་ཆུང་གཉིས་བཅས་བྱུང་བ་ལས། སྔོན་མ་གཉིས་རྩིས་དཔོན་ནོར་འཛིན་དབང་པོའི་ལྕམ་མཛད། དེ་འོག་གྲ་སྡུམ་པོར་བྱོན་ཀྱང་སྐུ་ན་ཕྲ་མོར་གཤེགས། དེ་འོག་ཡར་ལུང་བཀྲ་ཤིས་མཐོང་སྨོན་དུ་བྱོན་པའང་གཤེགས་ནས། ད་ལྟ་སྐུ་མཆེད་ཀྱི་གྲས་བསོད་ནམས་འཕྲོད་སྐྱིད་བཞུགས་སོ། །དེ་དག་གི་དོན་བསྡུ་ན། འཛམ་གླིང་ཡུལ་དབུས་གངས་ཅན་གཡས་རུའི་ཆར། །ལྷ་རིགས་འ་ཞྭའི་རྒྱལ་བློན་མཁས་གྲུབ་གདུང༌། །གླན་གྱི་ཆོ་འབྲང་གིས་མཛེས་དགེ་ལྟས་བཅས། །གནས་གསར་འཇམ་མགོན་བླ་མའི་འཁྲུངས་ཚུལ་ཡིན། །ཞེས་སོ། །གཉིས་པ་ལ་རྒྱལ་སྲས་གཞོན་ནུའི་དུས་ཐོས་བསམ་གྱི་སྒོ་ནས་ཡབ་མེས་ཀྱི་ཆོས་ལ་གསན་སྦྱངས་ཇི་ལྟར་མཛད་པའི་ཚུལ། རྒྱལ་ཚབ་དམ་པར་མངའ་གསོལ་ཏེ་མཆོག་གི་བླ་