[A:༥༧]མ་དམ་པས་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོར་དགོངས་གཏད་ཇི་ལྟར་མཛད་པའི་ཚུལ། རྒྱལ་བའི་བསྟན་པ་རིན་པོ་ཆེའི་འབྱུང་གནས་བསྙེན་པར་རྫོགས་པའི་སྡོམ་པས་ཐུགས་རྒྱུད་ཡོངས་སུ་གཏམས་ཤིང༌། ལྷག་པའི་ལྷའི་གྲངས་དང་མཚན་མའི་བསྙེན་པ་མཐར་ཕྱིན་པའི་ཚུལ། ལྷ་དང་བཅས་པའི་འཇིག་རྟེན་པ་ཀུན་གྱི་སྐྱབས་མགོན་དམ་པར་གྱུར་ནས་ཡོངས་རྫོགས་བསྟན་པའི་རྒྱལ་སྲིད་ལ་དབང་བསྒྱུར་ཞིང༌། རྒྱལ་བསྟན་ཇི་ལྟར་སྤེལ་བའི་ཚུལ། བསྟན་འཛིན་གྱི་སློབ་བུའི་ཚོགས་བགྲང་བ་ལས་འདས་པ་ཞིག་བསྐྲུན་ཏེ་འཁོར་བ་ཇི་སྲིད་བར་ཕྲིན་ལས་ཀྱི་རྒྱུན་ལེགས་པར་སྤེལ་བའི་ཚུལ་བཤད་པ་དང་ལྔ་ཡོད་པ་ལས། དང་པོ་ནི། གང་གི་སྐུ་བསྟོད་གྲུབ་དབང་སངས་རྒྱས་རྒྱ་མཚོས་མཛད་པ་ལས། སྐུ་མཛེས་པ་མཚན་དཔེ་ཀུན་ལྡན་ཞིང༌། གསུང་ཟབ་རྒྱས་ཆོས་ཀྱི་དག༷འ་སྟོན་འགྱེད། ཐུགས་ལེ༷གས་པ༷འི་ལྷག་བསམ་འབྱུང༷་བའི་གན༷ས། རྗེ་གནས་གསར་ཆོས་རྗེ་ཞེས་གསུངས་པ་ལྟར། དེ་ལྟར་འཁྲུངས་པའི་གཞོན་ནུ་དེ་ནི་སྐུ་བལྟ་བས་ཆོག་མི་ཤེས་པ། དབུ་གདུགས་ལྟར་ཟླུམ་པ། དཔྲལ་བའི་དབྱེས་ཆེ་ཞིང་ཤངས་གཟེངས་མཐོ་བ་སོགས་མཚན་དཔེ་རྗེས་མཐུན་པས་སྤྲས་ཤིང༌། ཀུན་སྤྱོད་མཐའ་དག་བྱིས་པ་ཕལ་གྱི་ངང་ཚུལ་ལས་འདས་པ། ལེགས་སྦྱར་གྱི་སྐད་ལྟ་བུའི་གསུང་མི་གོ་བ་ཤིན་ཏུ་མང་བ། སྤྱན་ནམ་མཁའ་ལ་གཟིགས་ནས་ཡུན་རིང་བཞུགས་པ། ལྗགས་ཀྱི་སྟེང་ན་ཡི་གེ་ཨའི་གཟུགས་ཤིན་ཏུ་གསལ་བས་ཁེངས་པ། སྐབས་འགར་འབར་འབུར་ཙམ་ལས་མི་གསལ་བ། གསུང་བྱེ་བ་ཙམ་ནས་དབུས་སྐད་ཤིན་ཏུ་གསལ་བ་ལན་ཁ་ཡར་གསུང་བ་ཞིག་ཡོད་ཅེས་ཡུམ་མཆོག་དབང་མོས་གསུངས། དགུང་ལོ་གསུམ་བཞི་ཙམ་ནས་སྔགས་