R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༧༢
[A:༧༢]དུ་མར་དགེ་བའི་བཤེས་གཉེན་མཆོག །སྐྱབས་གནས་ཀུན་འདུས་རྨོར་ཆེན་ཆོས་ཀྱི་རྗེས། །གསུང་ངག་ཆོས་ཀྱི་བང་མཛོད་གཉེར་གཏད་པའི། །རྒྱལ་ཚབ་སེམས་དཔའ་མཆོག་ལ་སྙིང་ནས་འདུད། །ཅེས་གསུངས་པ་ལྟར་རྣམ་འདྲེན་དམ་པ་འདི་ཉིད་ནི། སྐུ་ན་ཕྲའང་སྐུའི་འཁྲུངས་རབས་མང་པོར་སྦྱངས་པའི་འབྲས་བུ་འགོག་ཏུ་མེད་པའི་མཐུ་ལས་མཁྱེན་པའི་ཆ་ཤས་ཡོངས་སུ་གང་བས་བསྟན་པའི་ཁུར་ཆེན་འདེགས་པར་བཟོད་པའི་སྟོབས་ཡོངས་སུ་རྫོགས་པ་དང༌། ཁྱབ་བདག་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་ཀྱང་དགུང་ལོ་བཅོ་ལྔའི་སྟེང་དུ་ཆོས་སྡེའི་ཁྲི་ཐོག་ཏུ་ཕེབ་པ་དང་དུས་ཀྱང་མཚུངས་པ་སོགས་རྒྱུ་མཚན་དུ་མར་གཟིགས་ཏེ། དེའི་ཕྱི་ལོ་རྣམ་འཕྱང་ཞེས་པ་ས་ཁྱི་ལོར་མཁན་ས་རྩིས་སྤྲོད་མཛད་དེ། རྨོར་ཆེན་རྡོ་རྗེ་འཆང་སྨོན་དགའ་རིན་ཆེན་བསམ་གཏན་གླིང་དུ་ཆིབས་ཀྱི་ཁ་ལོ་བསྐྱོད། དེ་སྐབས་སྐྱབས་མགོན་མཆོག་གི་ཞབས་དྲུང་དུ་སུམ་ལྡན་རྡོ་རྗེ་འཛིན་པ་ཀུན་དགའ་དཔལ་འབྱོར་བའི་ཞལ་སྔ་ནས་ཀྱིས། གྲྭ་རྒན་ནེ་ཙོའི་བརྟུལ་ཞུགས་ལ་ཅོ་འདྲི་བ་རེ་གཉིས་ནས་གཡོ་འཕྲུལ་དུ་མས་བསླད་པའི་དབང་གིས་གནས་ཚུལ་དེ་རིགས་ལགས་ནའང༌། ཇི་སྲིད་བྱང་ཆུབ་སྙིང་པོའི་བར་གྱི་མགོན་དང་གླིང་དུ་གྱུར་པ་ནི་རྩ་བའི་བླ་མ་ཉིད་ལས་གཞན་དུ་མ་གྱུར་པས། ཐུགས་ཀྱི་འཛིན་སྟངས་གཞན་དུ་གཞོལ་བ་སོགས་གཏན་ནས་མེད་པ་ཞིག་དགོས་ཚུལ་ཞུ་བར་མཛད་པས། བཀའ་ལས། ཚེ་འདིའི་ཕ་མ་ལ་ལོག་ལྟ་སོགས་ནི་ག་ལ་བྱེད། འོན་ཀྱང་འདི་ཕྱི་བར་དོ་གསུམ་གྱི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་སྐྱབས་མགོན་རྡོ་རྗེ་འཆང་རྨོར་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ལས་གཞན་དུ་རེ་བའི་འདུན་པ་སྐད་ཅིག་